གཡུང་དྲུང་བསྟན་འཛིན་ལ་རྒྱ་ནག་གིས་ཉེས་ཆད་དང་ཁོང་ལ་འཕྲད་པའི་དཀའ་སྡུག་སྐོར་གྱི་རྩོམ་ཡིག་ཅིག

ལོ་སྔོན་མ་རྒྱ་ནག་གཞུང་གིས་ཁེ་ན་ཌར་གནས་སྡོད་བོད་མི་གཡུང་དྲུང་བསྟན་འཛིན་དང་། ཤེས་རབ་མཐར་ཕྱིན། ལྷ་ལུང་པ་བསམ་འཕེལ་བཅས་ལ་ཉེས་ཆད་བཅད་ནས། ཟླ་བ་འདིའི་ཚེས་༢༢ ནས་ལོ་གཅིག་འཁོར་གྱི་ཡོད་འདུག་ཅིང་། ཁེ་ན་ཌའི་བོད་དོན་ལྷན་ཚོགས་ཀྱི་འབྲེལ་མཐུད་འགན་འཛིན་གཡུང་དྲུང་བསྟན་འཛིན་སྐོར། ཇུ་ལི་ཨན་ (Julien Oeuillet) ཞེས་པའི་གསར་འགོད་པ་ཞིག་གིས་ (Taipei Times) བརྒྱུད་ལམ་ཐོག་ཏུ་གནས་ཚུལ་ཞིག་བཀོད་འདུག

པར། Taipei Times

ཕྱི་ལོ་༢༠༢༥ ཟླ་བ་༡༢ ཚེས་༢༦ ཉིན་ (Taipei Times) བརྒྱུད་ལམ་ཐོག་ཏུ་ཁེ་ན་ཌའི་བོད་དོན་ལྷན་ཚོགས་ཀྱི་འབྲེལ་མཐུད་འགན་འཛིན་གཡུང་དྲུང་བསྟན་འཛིན་སྐོར་གསར་འགོད་པ་ཞིག་གིས་རྩོམ་ཡིག་ཅིག་སྤེལ་འདུག རྩོམ་ཡིག་དེའི་ནང་ལོ་སྔོན་མ་ཕྱི་ཟླ་༡༢ ཚེས་༢༢ ཉིན་རྒྱ་ནག་གཞུང་གིས་ཁེ་ན་ཌའི་བོད་དོན་ལྷན་ཚོགས་དང་། ཤར་ཏུར་ཀི་སི་ཐན་གྱི་རང་དབང་འཐབ་རྩོད་པའི་ཚོགས་པ་གཉིས་དང་འབྲེལ་བའི་བོད་མི་དང་ཡུ་གུར་བ་ཁྱོན་མི་༢༠ ལ་ཉེས་ཆད་བཅད་ཡོད་པ་དང་། རང་དབང་འཐབ་རྩོད་པ་དེ་དག་གི་ནང་ཁེ་ན་ཌའི་བོད་དོན་ལྷན་ཚོགས་ཀྱི་འབྲེལ་མཐུད་འགན་འཛིན་ཡིན་པས། ཁོང་ལ་རྒྱ་ནག་གཞུང་གིས་ཕ་ཡུལ་དུ་ཡོད་པའི་ཁོང་རྣམས་ཀྱི་རྒྱུ་དངོས་ཚང་མ་བཀག་སྡོམ་བྱེད་རྒྱུ། ཁོང་རྣམས་དང་ལྷན་དུ་ཚོང་དོན་དང་མཉམ་ལས་ཡོངས་རྫོགས་བཀག་སྡོམ་བྱེད་རྒྱུ། ལོ་སྔོན་མ་ཟླ་བ་༡༢ ཚེས་༢༡ ནས་བཟུང་ཁོང་རྣམས་རྒྱ་ནག་དང་ཧོང་ཀོང་། མེ་ཁའོ་བཅས་སུ་འགྲོ་བསྐྱོད་བྱེད་རྒྱུའི་ཐོངས་མཆན་བཀག་སྡོམ་བྱེད་རྒྱུ་ཡིན་ཞེས་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།
གཡུང་དྲུང་བསྟན་འཛིན་ཁོང་ད་ལྟ་ཊོ་རོན་ཊོ་གཙུག་ལག་སློབ་གྲྭ་ཆེ་མོའི་ཉམས་ཞིབ་པ་ཡིན་པ་དང་། ཁོང་བོད་ནང་ཁམས་ཚ་བའི་འབྲོག་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཡོད་འདུག་ཅིང་། ཕྱི་ལོ་༡༩༩༩ ལོར་རང་ལོ་༡༡ ཐོག་བོད་ནས་རྒྱ་གར་དུ་ཡོང་ཡོད་པ། སྐབས་དེ་དུས་ནས་བོད་ནང་རྒྱ་ནག་གཞུང་གིས་བོད་ཐོག་ཏུ་དྲག་གནོན་དང་དཀའ་ངལ་སྤྲོད་ཀྱི་ཡོད་པ་ཁོང་གིས་ཤེས་རྟོགས་བྱུང་ཞེས་གསར་འགོད་པར་བརྗོད་འདུག ཁོང་གི་ཨ་ཁུ་ཞིག་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་རྒྱ་ནག་གི་གདུག་རྩུབ་ཀྱི་སྲིད་འོག་གྲོངས་ཡོད་པ་དང་། སྐབས་དེ་དུས་རང་ཉིད་བྱིས་པ་ཡིན་ཡང་རང་ཉིད་ཀྱི་ཁྱིམ་ཚང་ལོ་མང་རིང་ཆབ་སྲིད་ཀྱི་དཀའ་སྡུག་འཕྲད་ཡོད་པར་བརྟེན། བོད་དེ་རྒྱ་ནག་གིས་བཙན་བཟུང་བྱས་ཡོད་པ་ཤེས་ཀྱི་ཡོད། ངའི་སྤོ་སྤོ་དང་ཨ་ཁུ་ཚོ་ཕྱི་ལོ་༡༩༥༠ ནང་དང་ཕྱིས་སུ་རིག་གནས་གསར་བརྗེའི་སྐབས་སུ་ཆབ་སྲིད་ཀྱི་ངོ་རྒོལ་ལས་འགུལ་མང་པོའི་ནང་མཉམ་ཞུགས་གནང་བ་རྣམས་ང་ནམ་ཡང་བརྗེད་ཐབས་མེད་ཅེས་བརྗོད་འདུག
ཁོང་གིས་ཐོག་མ་༧གོང་ས་མཆོག་མཇལ་རྒྱུ་བྱུང་བའི་དུས་ཚོད་དེ་ནི་མི་ཚེའི་ནང་གི་དུས་ཚོད་ཆེས་བརྗེད་ཐབས་མེད་པ་ཞིག་ཡིན་པ་བརྗོད་འདུག ད་དུང་ཁོང་གིས་ངའི་ཕ་ཡུལ་ལ་རྒྱའི་སློབ་གྲྭ་ལས་བོད་པའི་སློབ་གྲྭ་མེད་པ་དང་། རྒྱ་གཞུང་གི་སློབ་གྲྭའི་ནང་རྒྱ་ཡིག་ཁོ་ན་ལས་བོད་ཡིག་མེད། ང་རང་ཉིད་བོད་ནས་རྒྱ་གར་ལ་ཡོང་དུས་ལམ་རོགས་བོད་པ་༤༣ ཡོད་པ་དང་། སྐབས་དེ་དུས་ནས་ང་རང་ཉིད་ལ་དམིགས་ཡུལ་གསལ་པོ་ཡོད། དེ་རྗེས་ངས་༧གོང་ས་མཆོག་གིས་བཙུགས་གནང་བའི་བོད་ཁྱིམ་སུ་ཇ་སློབ་གྲྭར་ཕྱིན་པ་ཡིན་ཞེས་བརྗོད་འདུག གཡུང་དྲུང་བསྟན་འཛིན་ཁོང་འཛིན་གྲྭ་༡༢ བར་རྒྱ་གར་ནང་ཡོད་པའི་བོད་པའི་སློབ་གྲྭའི་ནང་སློབ་སྦྱོང་བྱས་ཡོད་འདུག་ཅིང་། དེ་རྗེས་རིམ་བཞིན་ཁོང་ལ་ཇར་མན་ནང་ཡོད་པའི་འཕྲུལ་རིགས་གཙུག་ལག་སློབ་ཆེན་ (Brandenburg University) ནས་འབུམ་རམས་པ་ཐོན་ཡོད་འདུག

པར། Taipei Times

གཡུང་དྲུང་བསྟན་འཛིན་ལ་འཕྲད་པའི་དཀའ་སྡུག་ནི། ཁོང་གིས་ང་རང་རྒྱ་གར་དུ་ཡོད་དུས་ནས་བོད་དོན་དང་འབྲེལ་བའི་ལས་འགུལ་མང་པོའི་ནང་མཉམ་ཞུགས་བྱས་མྱོང་ཡོད་ཀྱང་། དཀའ་ངལ་ཆེ་ཤོས་ནི་ཇར་མན་ནང་ཡོད་དུས་འཕྲད་བྱུང་། སྐབས་ཤིག་རྒྱལ་སྤྱིའི་སློབ་མའི་དུས་སྟོན་ཞིག་གི་སྐབས་སུ་ངས་བོད་ཆས་ཤིག་གྱོན་ནས་བོད་ཀྱི་རྒྱལ་དར་འཁྱེར་ནས་འགྲོ་སྐབས། རྒྱ་རིགས་སློབ་མ་མང་པོ་ཞིག་གིས་ང་ལ་བརྙས་བཅོས་བྱས་པ་དང་། བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་ལས་རྒྱལ་ཁབ་ཅིག་མ་རེད། དེ་ལས་ཁྱེད་ཀྱིས་རྒྱ་ནག་གི་རྒྱལ་དར་འཁྱེར་དགོས་རེད་ཅེས་བརྗོད་ཀྱང་། ངས་ཁོང་ཚོ་དང་ལྷན་དུ་ཁ་རྩོད་བརྒྱབ། དུས་དེ་ནས་བཟུང་སྤྱི་ཚོགས་དྲ་ལམ་བརྒྱུད་ནས་ང་ལ་ངའི་བོད་ནང་ཡོད་པའི་ཁྱིམ་མི་རྣམས་ལ་དཀའ་ངལ་སྤྲོད་ཆེད་རྒྱ་གཞུང་གིས་འཇིགས་སྐུལ་ཡང་ཡང་སླེབས་པ་དང་། མཐའ་མ་ཕྱི་ལོ་༢༠༡༩ ལོར་ང་ལ་ཇར་མན་ནང་རྒྱ་རིགས་ཚོས་འཇིགས་སྐུལ་ཡང་ཡང་བྱས་པའི་རྐྱེན་གྱིས་ངས་ཇར་མན་གྱི་ཉེན་རྟོག་པར་རྩིས་སྤྲོད་བྱས་ཀྱང་། ང་ནི་ཇར་མན་ནང་གཏན་འཇགས་བྱེད་མཁན་གྱི་མི་སེར་མིན་པ་དང་། ཇར་མན་གྱི་མི་སེར་མིན་པས། གྲུབ་འབྲས་གང་ཡང་མ་ཐོན། ང་རང་རྒྱ་གར་ནང་ཡོད་དུས་རྒྱ་གར་དུ་གནས་སྡོད་ཆོག་པའི་ལག་འཁྱེར་ཡོད་ཀྱང་། ལོ་རེའི་མཚམས་ནས་དུས་འགྱངས་བྱེད་དགོས། ང་རང་ཇར་མན་ནང་ཡོང་དུས་རྒྱ་གར་ནས་ལག་དེབ་སེར་པོ་བརྒྱུད་ནས་ཡོང་བ་ཡིན་ཞེས་བརྗོད་འདུག
ཕྱིས་སུ་ང་རང་ཁེ་ན་ཌའི་ནང་ཡོང་བ་ཡིན། རྒྱུ་མཚན་ནི་ཁེ་ན་ཌའི་གཞུང་གིས་༧གོང་ས་མཆོག་ལ་ཆེ་བསྟོད་མི་སེར་ལག་འཁྱེར་ཕུལ་ཡོད་པ་དང་། ཁེ་ན་ཌའི་ནང་བོད་པ་མང་པོ་ཡོད་ཅེས་བརྗོད་འདུག ཁོང་ཕྱི་ལོ་༢༠༢༡ དང་༢༠༢༣ བར་བོད་དོན་ཆེད་ཆབ་སྲིད་ཀྱི་ལས་འགུལ་ཧ་ཅང་མང་པོ་སྤེལ་ཡོད་པ་དང་། ཕྱི་ལོ་༢༠༢༢ ལོར་ཁེ་ན་ཌའི་གྲོས་ཚོགས་ནང་རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བྱེད་དགོས་པའི་གླེང་སློང་བྱས་ཡོད་འདུག འོན་ཀྱང་། ཁོང་ཇར་མན་ནང་ཡོད་པ་དང་གཅིག་མཚུངས་ཁེ་ན་ཌའི་མི་སེར་ལག་འཁྱེར་ཡོད་ཀྱང་། ཁོང་ལ་རྒྱ་ནག་གཞུང་གིས་འཇིགས་སྐུལ་ཡང་ཡང་ཡོང་གི་ཡོད་པ་དང་། ཁེ་ན་ཌའི་ནང་རྒྱ་ནག་གཞུང་གི་ཤུགས་རྐྱེན་ཆེན་པོ་ཡོད་ཅིང་། ཁེ་ན་ཌའི་ནང་ཡོད་པའི་བོད་པ་དང་། ཡུ་གུར་བ། ཐའེ་ཝན། ཧོང་ཀོང་སོགས་ཀྱི་མི་སེར་རྣམས་ལ་རྒྱལ་མཚམས་བརྒལ་བའི་མནར་གཅོད་མྱོང་གི་ཡོད་པ་དང། ཁེ་ན་ཌའི་ནང་རྒྱ་ནག་གཞུང་གིས་བཙུགས་པའི་གསང་བའི་ཉེན་རྟོག་ལས་ཁུངས་ཡོད་པ་གཞུང་ལ་རྩིས་སྤྲོད་བྱེད་མཁན་མང་པོ་བྱུང་ཡོད་པ་བརྗོད་འདུག སྐབས་རེ་ཨ་རི་དང་ཁེ་ན་ཌ་གཉིས་སུ་ཡོད་པའི་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པའི་མི་སྣ་དེ་འདྲས་ཁོང་ལ་འབྲེལ་བ་བྱས་ནས་བོད་དོན་འབྲེལ་བའི་ལས་འགུལ་མ་སྤེལ་དང་། ཁོང་ཚོས་ང་ལ་གླ་ཕོགས་ཡག་པོ་ཡོད་པའི་ལས་ཀ་སྤྲོད་ཆོག་ཅེས་བརྗོད་ནས་ངའི་བོད་དོན་ལས་འགུལ་འགོག་ཐབས་ཀྱི་ཐབས་ལམ་གསར་པ་བེད་སྤྱོད་བཏང་ནས་དཀའ་ངལ་སྤྲད་བྱུང་ཞེས་བརྗོད་འདུག
མཇུག་འབྲས།
གཡུང་དྲུང་བསྟན་འཛིན་གྱིས་བཤད་དོན་ལྟར་ན། ཁོང་གིས་ཕ་ཡུལ་དུ་ཡོད་པའི་ཁོང་གི་ནང་མི་ཚོར་སེམས་ཁྲལ་བྱེད་ཀྱི་ཡོད་པ་མ་ཟད། ཁོང་ལ་རླངས་འཁོར་གྱིས་རྗེས་འདེད་བཏང་བ་དང་། ཁོང་གི་སྤྱི་ཚོགས་དྲ་ལམ་གྱི་ཁ་བྱང་དང་ཁ་པར་བཅས་ལ་གསང་བརྐུས་ (hacked) བྱས་ཡོད་པ་དང་། དོན་དངོས་ཐོག་འདི་ནི་འཛམ་གླིང་སྤྱི་ཡོངས་ལ་ཁྱབ་པའི་གནས་ཚུལ་ཞིག་རེད། ཁོང་གིས་ད་ཆ་རྒྱ་ནག་གིས་ཐ་ན་ཨ་རིའི་ནང་ལའང་འཛུལ་ཞུགས་བྱས་ཡོད་པས། ཡོ་རོབ་དང་ཨ་རི་སོགས་གང་དུ་ཕྱིན་ཀྱང་རྒྱ་ནག་གི་ཤུགས་རྐྱེན་ནི་གང་སར་ཁྱབ་ཡོད་ཅེས་བརྗོད་འདུག
ཉེ་ཆར་ཨེ་པི་གསར་འགྱུར་ཁང་ (Associated Press) གིས་སྤེལ་བའི་ཞིབ་འཇུག་ཅིག་གི་ནང་། རྒྱ་ནག་གིས་བལ་ཡུལ་ལ་ལྟ་ཞིབ་བྱེད་པའི་འཕྲུལ་རིག་ལག་རྩལ་རྒྱ་ཆེན་པོ་མཁོ་འདོན་བྱས་ཡོད་པ་དང་། བལ་ཡུལ་གྱི་རྒྱལ་སའི་ནང་བོད་མི་ཚོ་སོ་ལྟ་བྱེད་མཁན་གྱི་གསང་བའི་གློག་མིག་གང་སར་ཡོད་པ་མ་ཟད། མི་རྗེས་འདེད་གཏོང་ཆེད་ངོ་གདོང་ངོས་འཛིན་དང་གྲངས་མཛོད་ཀྱི་ལག་ཆ་མང་པོ་བཀོལ་སྤྱོད་བྱེད་བཞིན་ཡོད་པ་གསལ་བཏོན་བྱས་ཡོད། དེའི་རྐྱེན་གྱིས་བལ་ཡུལ་དུ་སྐྱབས་བཅོལ་ཞུ་མཁན་བོད་མིའི་གྲངས་འབོར་ཧ་ཅང་ཉུང་དུ་ཕྱིན་ཡོད་པ་བརྗོད་འདུག
འོན་ཀྱང་གཡུང་དྲུང་བསྟན་འཛིན་གྱིས་མུ་མཐུད་ལས་ཀ་བྱེད་བཞིན་ཡོད་ལ། ཁོང་གིས་བཙན་བཟུང་བྱས་པའི་བོད་ནང་འདས་པའི་ལོ་རྒྱུས་ཁྲོད་བོད་མི་ས་ཡ་གཅིག་ལྷག་ཤི་བ་དང་། བརྒྱ་ཕྲག་མང་པོས་རང་ལུས་མེར་བསྲེགས་བཏང་ཡོད་པས་ངས་མུ་མཐུད་འདི་ལྟར་བྱེད་ཀྱི་ཡིན། ཁོང་ཚོས་བོད་པའི་མཁས་དབང་དང་། རྩོམ་པ་པོ། སྒྱུ་རྩལ་པ། གཞས་པ་སོགས་གནད་ཡོད་མི་སྣ་ཚོའི་ཐོག་ཏུ་དྲག་གནོན་བྱེད་ཀྱི་ཡོད་པ་མ་ཟད། ཐ་ན་བོད་ཅེས་པའི་མིང་དེའང་བསུབ་ཐབས་བྱེད་ཀྱི་ཡོད། རྒྱ་ནག་གིས་ངའི་སྐད་ཆ་བཀག་ཐབས་བྱས་ཀྱང་ལམ་ལྷོང་བྱུང་མ་སོང་། གང་ཡིན་ཟེར་ན། བོད་ཀྱི་ཆེད་དུ་ཡོད་པའི་ངའི་སེམས་ཤུགས་ལ་གཡོ་བ་མེད་ཅེས་བཤད་འདུག གཡུང་དྲུང་བསྟན་འཛིན་ལ་མཚོན་ན་དཀའ་ངལ་དེ་དག་ནི་ཁོང་གི་ལོ་རྒྱུས་ཀྱིས་ཁོང་ལ་དྲན་སྐུལ་བྱེད་པའི་གཏམ་རྒྱུད་ཅིག་རེད། རྒྱ་ནག་གིས་ཁེ་ན་ཌ་དང་། ཡུ་རོབ། ཨ་རི་སོགས་མང་གཙོའི་སྤྱི་ཚོགས་ནང་དངུལ་དང་མི་བེད་སྤྱོད་བཏང་ནས་མི་སེར་ལ་དྲག་གནོན་བྱེད་ཀྱི་ཡོད། འདི་ནི་བོད་པ་གཅིག་པུ་མ་རེད་པས། ང་ཚོས་རྒྱ་ནག་གི་དྲག་གནོན་ལ་མཉམ་རུབ་ཀྱིས་ཁ་གཏད་གཅོག་དགོས་ཞེས་གསར་འགོད་པས་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།