གལ་སྲིད་ད་ལྟའི་ཆར་དམ་འབུལ་བྱས་ན་བཅའ་ཁྲིམས་དང་དངོས་སུ་འགལ་ཡོད།

ཁར་རྩང་གུས་པས་སྐབས་༡༧ པའི་སྤྱི་འཐུས་ཚོའི་ཁྲིམས་འགལ་ཁྲིམས་ཟུར་བརྒྱུད་ནས་དམ་འབུལ་ཞུས་ན་ངོས་ལེན་མེད་སྐོར་གྱི་ཡིག་ཆུང་ཞིག་ཕུལ་ཡོད། དེའི་རྒྱུ་མཚན་དང་རྒྱབ་ལྗོངས་སྐོར་ནས་གསལ་བཤད་མདོར་བསྡུས་ཤིག་ཞུ་རྒྱུ་ཡིན།

དང་པོ། ཉེ་ལམ་བོད་མི་མང་སྤྱི་འཐུས་སྐབས་༡༦ པའི་ཚོགས་དུས་འཕར་མ་འཚོགས་མ་ཐུབ་པའི་རྒྱུ་རྐྱེན་ནམ་ཁག་འགེལ་ས་གཙོ་བོ་བཅའ་ཁྲིམས་དོན་ཚན་༤༠ དང་༤༡ གཉིས་ཀྱི་ནང་འཆར་ཅན་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་དང་དམིགས་བསལ་ཚོགས་འདུ་འཕར་མ་བཅས་བསྡུ་བསྐོང་བྱེད་ཆོག་པ་གསལ་བོ་འཁོད་ཡོད་ནའང་། སྤྱི་འཐུས་ཚོགས་གཙོ་ལྷན་རྒྱས་ཟེར་བའི་ཚིག་དོན་ལ་བསྙད་ནས། ཚོགས་གཙོ་སྦྲེལ་བོ་མེད་པས་ཚོགས་བསྐོང་བྱས་ན་མི་འགྲིག་པའི་ངོ་རྒོལ་བྱེད་མཁན་སྤྱི་འཐུས་༡༨ ཆེད་གཉེར་ཚོགས་བཅར་བྱས་མེད་སྟབས་ཚོགས་འདུ་འཕར་མ་ཚོགས་མ་ཐུབ་པ་རེད། དེ་ལྟར་ཡིན་ན་ད་ལྟའི་ཆར་ཚོགས་གཙོ་ཚོགས་གཞོན་ཙམ་མ་ཟད་སྤྱི་འཐུས་རྒྱུན་ཙམ་ཡང་མེད་པས། སྤྱི་འཐུས་སམ་ཁྲིམས་བཟོ་ལྷན་ཚོགས་དང་འབྲེལ་བའི་ལས་དོན་བྱེད་སའི་ལམ་ཁ་གང་ཡང་མེད་པ་གསལ་བོ་ཆགས་ཡོད།

གཉིས་པ། སྐབས་༡༧ པའི་བདམས་ཐོན་སྤྱི་འཐུས་ཚོའི་དམ་འབུལ་བྱེད་རྒྱུར། བར་བརྒལ་ཚོགས་གཙོ་བསྐོ་བཞག་བྱེད་དགོས་ན། བཅའ་ཁྲིམས་དོན་ཚན་༤༧ པ། སྤྱི་འཐུས་ཀྱི་དམ་འབུལ། (འདེམས་ཐོན་སྤྱི་འཐུས་ཁོངས་ནས་སྤྱི་འཐུས་ལས་རྒྱུན་རིང་ཤོས་དེར་སྤྱི་འཐུས་རྒྱུན་ལས་ཀྱིས་བར་བརྒལ་ཚོགས་གཙོར་བསྐོ་གཞག་བྱེད་དགོས། གལ་ཏེ་ལས་རྒྱུན་འདྲ་མཉམ་བྱུང་ཚེ་དེའི་ཁོངས་ནས་རང་ལོ་བགྲེས་ཤོས་དེར་བསྐོ་གཞག་བྱེད་དགོས། བར་བརྒལ་ཚོགས་གཙོས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་མདུན་སར་དམ་འབུལ་ཞུས་རྗེས། སྤྱི་འཐུས་རེ་རེས་རང་ཉིད་སྤྱི་འཐུས་ཀྱི་ལས་འཁུར་དུ་མ་ཞུགས་གོང་བར་བརྒལ་ཚོགས་གཙོའི་མདུན་སར་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དམ་བཅའམ། ཁས་ལེན་བྱེད་དགོས། ཚོགས་གཙོ་དང་ཚོགས་གཞོན་འདེམས་ཐོན་བྱུང་རྗེས་ཚོགས་གཙོའི་མདུན་སར་དམ་འབུལ་ཞུ་དགོས་པ་དང༌། ཚོགས་གཙོ་ས་གནས་སུ་མེད་སྐབས་ཚོགས་གཞོན་མདུན་སར་དམ་འབུལ་ཞུ་དགོས།) ཞེས་གསལ་ཡོད་པ་ལྟར། བར་བརྒལ་ཚོགས་གཙོ་བསྐོ་བཞག་བྱེད་དགོས་ན། སྤྱི་འཐུས་རྒྱུན་ལས་ཀྱིས་བསྐོ་བཞག་བྱེད་དགོས་པ་བཅའ་ཁྲིམས་ཀྱི་དགོངས་དོན་རེད། དེང་སྐབས་སྤྱི་འཐུས་རྒྱུན་ལས་རྩ་དགོངས་ཞུས་ཟིན་པ་ཡིན་དུས། བར་བརྒལ་ཚོགས་བཙོ་བསྐོ་བཞག་བྱེད་རྒྱུའི་ལམ་ཁ་གང་ཡང་མེད་པ་ས་རིས་ཐང་གསལ་རེད།

གསུམ་པ། གལ་སྲིད་ལས་རིམ་འགོ་འཛུགས་བྱེད་དགོས་ན་སྐབས་༡༧ པའི་བདམས་ཐོན་སྤྱི་འཐུས་རྣམ་པར་ཚོགས་བརྡ་དང་གྲོས་ཚོགས་ཚོགས་དུས་དང་པོའི་ལས་རིམ་བཅས་གཏོང་དགོས་པ་རེད། འོན་ཀྱང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་མེད་པ་མ་ཟད། སྤྱི་འཐུས་རྒྱུན་ལས་ཙམ་ཡང་མེད་པས་ལམ་ཁ་དེ་ཡང་མེད་པ་གསལ་བོ་རེད། གང་ལྟར་གོང་གསལ་གནད་དོན་དེ་དག་ལ་བརྟེན་ནས་ཐག་གཅོད་གསར་པ་ཞིག་མ་བྱུང་བར་དུ་ཁྲིམས་མཐུན་གྱི་དམ་འབུལ་བྱེད་སའི་ལམ་ཁ་མེད་པ་དེ་ངེས་པར་དུ་ཤེས་དགོས།

མདོར་ན། ཉེ་ལམ་རྐུན་རྒྱབ་ཇག་ལང་གི་བྱ་སྤྱོད་སྤེལ་མཁན་ཁྲིམས་ཟུར་ཚོས་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཧམ་ཤེད་ཀྱིས་བཙན་འཛུལ་བྱས་པའི་ཁྲིམས་འགལ་གྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་༡༠ པའི་ཐོག་རྩ་འབོར་སུམ་ཆ་གཉིས་ལྷག་གིས་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་གནང་ཡོད་པའི་ཡིག་ཆ་ཨང་༣༩ པ་རྩིས་མེད་བཏང་ཡོད་པ་མ་ཟད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་མང་ལ་གསོལ་བསྩལ་གནང་བའི་མང་གཙོའི་སྒྲོམ་གཞི་རྩ་གཏོར་གྱི་མགོ་རྟིང་སློག་ནས་དགྲ་དགའ་གཉེན་སྡུག་བཟོས་ཡོད། གཉིས་པ། བདམས་ཐོན་སྲིད་སྐྱོང་གིས་ཁྲིམས་འགལ་ཁྲིམས་ཟུར་གྱི་ས་ནས་ཁྲིམས་འགལ་གྱིས་དམ་འབུལ་ཞུས་ཡོད་པ་ནི་བཅའ་ཁྲིམས་དང་མང་གཙོ་བཅས་སུ་འགན་མ་ཁུར་བའམ་སྲུང་སྐྱོབ་མ་བྱས་པ་གསལ་སྟོན་བྱས་པ་ཟུར་བལྟས་ལེབ་མཐོང་ཆགས་ཡོད། གསུམ་པ། སྐབས་༡༧ པའི་བདམས་ཐོན་སྤྱི་འཐུས་ཚོའི་ངོས་ནས་ཀྱང་ཁྲིམས་འགལ་ཁྲིམས་ཟུར་དེའི་བརྒྱུད་ནས་དམ་བཅའ་འབུལ་བཞེས་གནང་བ་ཡིན་ན། བཅའ་ཁྲིམས་དང་མང་གཙོ་སོགས་ཁྲིམས་སྒྲིག་ཡོངས་རྫོགས་རྩིས་མེད་རྡོག་རོལ་དང་མགོ་རྟིང་སློག སྤོ་ལུགས་ཚར་དུ་བཅུག་པ་ཞིག་ལ་ངོས་འཛིན་མི་ཞུ་ཐབས་མེད་བྱུང་ཡོད། དེ་འདྲའི་དགྲ་དགའ་གཉེན་སྡུག་དང་ཚབ་ཆེན་གྱི་གནས་ཚུལ་མི་ཡོང་བའི་གསོལ་འདེབས་སླར་ཡང་ཞུ་བཞིན་ཡོད།

ཕྱི་ལོ་༢༠༢༡ ཟླ་༥ ཚེས་༢༨ ཉིན་ཐུབ་བསྟན་བཀྲིས་ཀྱིས་དྷ་ས་ནས་བྲིས།