གསུམ་བཅུའི་དུས་དྲན་ཉིན་མོ་དང་། བལ་ཡུལ་གྱི་གནས་སྟངས།

ཕྱི་ལོ ༢༠༢༤ཕྱི་ཟླ་༣་པའི་ཚེས་༡༠་ཉིན་བལ་ཡུལ་ནང་འདས་པའི་ལོ་ངོ་དག་དང་འདྲ་བར། བོད་མིའི་སྡོད་གནས་དང་། བོད་པ་ཚོས་ཚོང་ལས་གཉེར་ས་གཙོ་བོ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་སོགས་སུ་ཉེན་རྟོག་པ་འགྲེམ་འཇོག་གིས་དམ་དྲག་ཤུགས་ཆེར་བྱས་འདུག

ད་ནངས་ཞོགས་པར་བོད་མི་མང་པོ་འདུས་སྡོད་བྱེད་ས་སྤྱི་དང་། ལྷག་པར་དུ་མཆོད་རྟེན་བྱ་རུང་ཁ་ཤོར་སོགས་ཀྱི་ཉེ་འགྲམ་ལ་ཉེན་རྟོག་མང་པོ་འགྲེམ་འཇོག་བྱས་ཏེ། བོད་མི་ཚོ་ལ་དམ་དྲག་གི་རྣམ་པ་ཤུགས་ཆེ་རུ་བཏང་འདུག དེའི་ཕྱིར་གནས་ཚུལ་འདི་ལྟ་བུས་མཆོད་རྟེན་སྐོར་ལམ་དུ་ཡོད་པའི་ཆོས་བྱེད་བོད་མི་ཚོའི་སེམས་མི་སྐྱིད་པ་དང་། སྐོར་ར་སོགས་ཆོས་ཀྱི་བྱ་བ་བྱེད་པའི་སྐབས་སུ་ཡང་བདེ་པོ་མེད་པའི་ཚོར་སྣང་བསྐྲུན་འདུག

དེ་ཡང་བོད་མི་མིང་སྨྲོས་འདོད་མེད་པ་ཞིག་གིས་བརྗོད་ན། “མཆོད་རྟེན་འགྲམ་ན་པུ་ལི་སི་འདི་འདྲ་མང་པོ་བཞག་ནས། མཆོད་རྟེན་སྐོར་ན་ཡང་སྐྱིད་པོ་མི་འདུག”ཟེར་བ་དང་། ཡང་གཞན་པ་ཞིག་གིས་“ འདི་ནི་བོད་ལ་བཀྱག་བཀྱག་འདྲ་པོ་ཞིག་འདུག”ཅེས་དང་། ཕོ་གསར་གཞན་ཞིག་གིས་“འདི་བོད་པ་ཉམ་ཆུང་ཚོ་ལ་ཐུབ་ཚོད་འདྲ་ཡིན་ས་རེད”ཅེས་སོགས། བསམ་ཚུལ་འདྲ་མིན་འོང་གི་ཡོད་འདུག་ལ། དེ་རིང་ཉིན་མོར་ངོ་རྒོལ་འདུ་འཛོམས་སོགས་ཀྱི་ལས་འགུལ་སྤེལ་མི་ཆོག་ཀྱང་། བོད་པ་ཚོང་གཉེར་བ་དུ་མས་ཟ་ཁང་དང་ཚོང་ཁང་མང་པོ་སྒོ་བརྒྱབས་ནས་ཚོང་ལས་ཀྱི་བྱ་བ་མི་གཉེར་མཁན་ཧ་ཅང་མང་པོ་འདུག

དེ་ཡང་། ༡༩༥༩ལོའི་ཟླ ༣ ཚེས ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་མང་སྒེར་ལངས་ཀྱིས་”“དགྲ་བོ་རྒྱ་ནག་བོད་ནས་མཐར་བསྐྲོད་གཏོང་”དགོས་པ་དང་། “བོད་རང་བཙན་ཡིན”ཞེས་སོགས་ཀྱི་འབོད་སྒྲའི་ལམ་ནས་རྒྱ་ནག་གིས་བོད་ས་བཙན་བཟུང་དང་། མི་སེར་སྤེལ་ཡུལ་བྱེད་པར་ངོ་རྒོལ་བྱེད་པའི་ཉིན་མོ་ཡིན་ལ། དུས་དྲན་འདི་ཉིད་བཙན་བྱོལ་བོད་པ་ཚོས་ལོ་ལྟར་སྲུང་རྩིས་དགྲ་བོ་རྒྱ་ནག་གཞུང་ལ་ངོ་རྒོལ་སོགས་སྤེལ་བའི་དུས་ཚིགས་གལ་ཆེན་ཞིག་ཆགས་ཡོད། འོན་ཀྱང་། བལ་ཡུལ་གཞུང་རྒྱ་ནག་དང་ཐག་ཇེ་ཉེར་ཕྱིན་པ་དང། རྒྱ་གཞུང་གིས་ཆབ་སྲིད་དང་དཔལ་འབྱོར་གྱིས་མཚོན་ལམ་སྣ་ཚོགས་ནས་གནོན་ཤུགས་སྤྲད་པ་སོགས་ཀྱིས་རྐྱེན་པས། བལ་ཡུལ་གནས་སྡོད་བོད་པ་ཚོ་ལ་ངོ་རྒོལ་བྱེད་མི་ཆོག་པ་དང་། མཐའ་ན་སྨྲ་བརྗོད་རང་དབང་དང་།1ཆོས་ལུགས་རང་དབང་གི་དཀའ་ངལ་རབ་དང་རིམ་པ་འཕྲད་དང་འཕྲད་མུས་ལ་བརྟེན། བོད་མི་ཚོས་གསུམ་བཅུའི་དུས་དྲན་སྲུང་རྩི་ཞུ་བ་དང་། བོད་པ་གཙོས་པའི་བལ་ཡུལ་བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་དང་། ཧི་མ་ལ་ཡའི་བོད་རིགས་སོགས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དད་པ་ཡོད་མཁན་ཚོས་ཁོང་གི་འཁྲུངས་སྐར་བསུ་བ་དང་། སྐུ་པར་ཁྲོམ་བཤམ་བྱེད་པ་སོགས་མི་ཆོག་པར་གྱུར་ཡོད།

1ཉིས་སྟོང་ཉེར་གཉིས་དང་ཉེར་གསུམ་གྱི་བལ་ཡུལ་ཡོད་པའི་ཨ་རིའི་གཞུང་ཚབ་འགྲོ་བ་མིའི་ཐོབ་ཐབ་ཀྱི་སྙན་ཞུ་སོགས་ལ་ཁུངས་བཅོལ།

2https://www.france24.com/en/20080511-over-500-tibetan-women-detained-nepal-nepal-protests
ས་གནས་ནས་བོད་མི་ཞིག་གིས་དང་བླང་ཐོག་པར་དང་གནས་ཚུལ་མཁོ་སྤྲོད་གནང་། ཁོང་གིས་དེ་རིང་འདིར་ཉེན་རྟོག་པ་མང་ཞིང་ཚོར་བ་རྣོ་བས་པར་ཡག་པོ་རྒྱག་ཐབས་མེད་པར་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་བྱུང་།
སྤྱིར་ཉེ་ཆར་བལ་ཡུལ་སྐུ་ཚབ་དོན་གཅོད་ནས་བལ་ཡུལ་གཞུང་གིས་གསུམ་བཅུའི་དུས་དྲན་སྲུང་བརྩི་བཀའ་འཁྲོལ་གནང་སྲོལ་མེད་པ་བཞིན། བོད་མི་ཡོངས་ནས་གནས་ཡུལ་གཞུང་གི་ཁྲིམས་སྒྲིག་གཉིས་ལས་འགལ་བའི་ལས་འགུལ་རིགས་སྤེལ་གནང་མི་ཡོང་བའི་འབོད་སྐུལ་དང་སྦྲགས། དུས་དྲན་ཉིན་མོར་བོད་མི་རྣམས་ཀྱིས་མཆོད་འབུལ་སྨོན་ལམ་གསུང་འདོན་སོགས་དགེ་ལས་འབད་རོགས་ཞེས་གསལ་བསྒྲགས་གནང་འདུག