ཆེད་བརྗོད།
ཉེ་ཆར་ཕྱི་ཟླ་༧ ཚེས་༢༡ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བོད་ལྗོངས་ཉིང་ཁྲི་ས་ཁུལ་དུ་སླེབས་ནས་ལྟ་སྐོར་གྲུབ་རྗེས། ལྷ་སར་སོང་ནས་ལྟ་སྐོར་བྱས་ཡོད། གཙོ་བོ་”བོད་ཞི་བས་བཅིངས་འགྲོལ་བཏང་“ནས་ལོ་ངོ་༧༠ འཁོར་བ་ཟེར་བར་རྟེན་འབྲེལ་ཞུ་ཆེད་ཡོང་བ་ཡིན་ཚུལ་བརྗོད་འདུག ཞི་ཅིན་ཕིང་བོད་ཀྱི་དབུས་ཕྱོགས་ཀྱི་དགོན་སྡེ་ཁག་ཏུ་བཅར་སྐབས་གདུགས་དང་སེར་ཕྲེང་གིས་བསུ་བ་རྒྱ་ཆེ་བྱེད་བཅུག་པ་དང་། རྒྱ་གཞུང་གིས་བསྐོས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ཁམས་དང་ཨ་མདོར་སླེབས་སྐབས་ཀྱང་དེ་མཚུངས་བཞིན་ཕེབས་ཞུ་བཅུག་འདུག གནད་དོན་འདི་ནི་རང་བཞིན་གྱིས་བྱུང་བ་ཞིག་མ་ཡིན་པར་ཆེད་དུ་བཀའ་བཏང་ནས་གྲ་སྒྲིག་བྱས་པ་རེད་ལ། ད་ལོ་ཞི་ཅིན་ཕིང་ཆེད་གཉེར་བོད་ཁུལ་དུ་ཡོང་དགོས་པའི་གནད་དོན་འདི་ཡང་། བོད་དོན་ལ་རྒྱལ་སྤྱིའི་ཐོག་ནས་ལྟ་སྟངས་དུས་རྒྱུན་དང་མི་འདྲ་བ་ཞིག་ཡོད་པས་རེད། ལྷག་པར་དུ་རྒྱ་ནད་ཏོག་དབྱིབས་ཁྱབ་བརྡལ་སོང་རྗེས་རྒྱལ་སྤྱིའི་ཁྱོན་ཡོངས་སུ་སྲིད་གཞུང་ཁག་གི་རྒྱ་ནག་ལ་ལྟ་སྟངས་སྡུག་ཏུ་སོང་བ་ཙམ་དུ་མ་ཟད། མི་མང་ནང་འཁོན་འཛིན་ཡང་ཆེ་རུ་སོང་ཡོད།
རྒྱ་གཞུང་གིས་ཕྱོགས་ཡོངས་ནས་གདོང་ལེན་མང་པོ་ཞིག་བྱེད་དགོས་ཐུག་གི་ཡོད་པ་དང་། ད་ལྟའི་ཆར་ཤར་ཏུར་ཀི་སི་ཐན་དང་། བོད། ཧོང་ཀོང་བཅས་ཀྱི་གནད་དོན་ཐད་རྒྱལ་སྤྱིའི་ནང་རྒྱབ་སྐྱོར་ཆེ་རུ་སོང་ཡོད་ཅིང་། ཐའེ་ཝན་གྱི་གནད་དོན་ནི་སྔོན་དང་མི་འདྲ་བར་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་གཅིག་གི་ངོས་འཛིན་དེར་ཡང་། མངོན་གསལ་དང་མངོན་གསལ་མ་ཡིན་པའི་ཐོག་ནས་འགྱུར་བ་ཆེན་པོ་གཏོང་བཞིན་པས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ད་ལན་བོད་དུ་སླེབས་ནས་”ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ། བོད་ལྗོངས་གསར་པ་དེ་བས་ཀྱང་མེད།“ཅེས་སྐད་ཆ་རྙིང་པ་དེ་བསྐྱར་ཟློས་བྱས་ཡོད་པ་དང་། དགོན་སྡེ་ཁག་ཏུ་དམར་ཤོག་གི་ལྟ་བ་སློབ་སྦྱོང་བྱེད་དགོས་པ་སོགས་ནང་ཆོས་དང་རྒྱབ་འགལ་ཡིན་པའི་སློབ་གསོ་བཙན་གྱིས་ཆོས་སྡེ་ཁག་ཏུ་སྤེལ་བཞིན་པ་དེར། ད་ལན་གང་ལེགས་བྱུང་ཡོད་པའི་ངོས་འཛིན་བྱུང་ཚུལ་ཡང་གསར་ལམ་ཁག་ཏུ་སྤེལ་འདུག ད་ལྟ་ཞི་ཅི་ཕིང་ཡོང་དགོས་དོན་ནི་བོད་ལ་ཕྱོགས་ཡོངས་ནས་དོ་སྣང་གསར་པ་ཞིག་བྱེད་དགོས་པ་དེ་གལ་ཆེན་པོར་མཐོང་བ་རེད།
ད་ལན་ཞི་ཅིན་ཕིང་བོད་དུ་ཡོང་སྐབས་གཙོ་བོ་“རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ། བོད་གསར་རྙིང་བསྡུར་བའི་སློབ་གསོ་བཅས་དང་། དེ་བཞིན་མར་ཁེ་སི་རིང་ལུགས་ཀྱི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་ཀྱི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། ཕུགས་འཕེར་གྱི་ཇུས་གཞི་མང་ཙམ་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་མང་ཙམ་སྤྱོད་དགོས། མི་རིགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། མི་རིགས་ཁག་གི་མང་ཚོགས་ཚོས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་འཛིན་པའི་མོས་སེམས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས།“ཞེས་བརྗོད་ཚུལ་ལ་བལྟས་ན། གོང་དུ་གསལ་བའི་གནད་དོན་འདི་དག་གི་ཐོག་ནས་བོད་ལ་མ་འདང་བའི་གནས་ཚུལ་མང་པོ་ཡོད་པ་གསལ་སྟོན་བྱས་འདུག།
ཞི་ཅིན་ཕིང་བོད་ལ་སླེབས་ནས་ཉིན་ཤས་རྗེས་ཨ་རིའི་རྒྱལ་དོན་དྲུང་ཆེས་རྒྱ་གར་དུ་གཟིགས་སྐྱོར་གནང་བ་སྟབས་བསྟུན། ལྡི་ལི་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་དང་མཇལ་འཕྲད་གནང་ཡོད་པ་དང་། ཞི་ཅིན་ཕིང་བོད་ལ་མ་སླེབས་སྔོན་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས་འཚམ་འདྲི་མངོན་གསལ་དོད་པོས་ཞུས་པ་སོགས་ཕྱོགས་གང་ཐད་ནས། ཨ་རི་དང་རྒྱ་ནག་གི་འབྲེལ་བ་སྡུག་ཏུ་འགྲོ་བཞིན་པའི་སྐབས་དང་། རྒྱ་གར་དང་རྒྱ་ནག་གི་འབྲེལ་བ་སྡུག་ཏུ་འགྲོ་བཞིན་པའི་སྐབས་སུ་བོད་ཀྱི་གནད་དོན་ལ་ཨ་རི་དང་རྒྱ་གར་གཉིས་ཀྱིས་དོ་སྣང་དང་རྒྱབ་སྐྱོར་ཆེན་པོ་བྱེད་བཞིན་ཡོད་པ་འདིས། རྒྱ་ནག་ཀྱང་བོད་དོན་གྱི་ཐད་ནས་སེམས་ཁྲལ་ཆེན་པོ་ཞིག་བྱུང་སྟེ་ད་ལན་ཞི་ཅིན་ཕིང་བོད་ལ་ལྟ་སྐོར་དུ་སླེབས་པ་ཞིག་རེད། ཁོ་པས་རྒྱལ་གཅེས་ཀྱི་སློབ་གསོ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ་གཞི་རྩར་འཛིན་དགོས་པའི་སྡུག་སྐད་ཡང་ཡང་ཤོར་བ་འདི་རང་གི་ཐོག་ནས་སེམས་ཁྲལ་ཆེན་པོ་ཡོད་པ་རང་བཞིན་གྱིས་མཐོང་ཐུབ་པ་ཞིག་རེད།
མདོར་ན་ད་ལྟའི་དུས་ཚོད་འདིར་བོད་དོན་འཐབ་རྩོད་ཀྱི་ཆེད་དུ་གོ་སྐབས་དམ་འཛིན་བྱེད་ཐུབ་ན། སྔོན་མ་དང་གཏན་ནས་མི་འདྲ་བའི་ཁོར་ཡུག་ཅིག་ཡོད་པ་དང་། ཨ་རི་དང་རྒྱ་གར་སོགས་ཕྱིའི་རྒྱལ་ཁབ་ཁག་གིས་བོད་དོན་ཁོ་ན་གཙོ་བོར་བཟུང་ནས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་རེ་བ་ཆེན་པོ་མེད་ནའང་། རྒྱལ་ཁབ་སོ་སོའི་ཁེ་ཕན་དང་འབྲེལ་བའི་སྐབས་སུ་བོད་དོན་འདི་ཡང་བེད་སྤྱོད་གཏོང་ངེས་པ་རེད། བོད་པའི་ངོས་ནས་ཀྱང་འཐབ་རྩོད་ཀྱི་ཐོག་ནས་ཁེ་ཕན་དང་གོ་སྐབས་འདི་ཉིད་དམ་འཛིན་བྱེད་དགོས་པ་དེ་གལ་ཆེན་པོར་གྱུར་ཡོད། འོན་ཀྱང་ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཀྱང་འཐུས་སྒོ་ཚང་བ་ཞིག་བསྐྱར་གསོ་བྱེད་ཐུབ་མེད་པ་མ་ཟད། དགྲ་བོ་ལས་ཀྱང་ནང་ཁུལ་དུ་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་མང་བ་བྱེད་བཞིན་པ་འདི་ལ་བསམ་བློ་བཏང་ན། སྔོན་མ་སྐུ་དྲག་ཁག་ཅིག་ཤོ་སྦག་ལ་མགོ་འཁོར་ནས་རྒྱལ་སྤྱིའི་ཚོགས་འདུར་རྗེས་ལུས་ཐེབས་པའི་ལོ་རྒྱུས་ཤིག་གོ་མྱོང་བ་ལས་ཀྱང་། ད་ལྟའི་དུས་ཚོད་འདིར་བོད་དོན་འཐབ་རྩོད་ཀྱི་གོ་སྐབས་འཐུས་ཤོར་འགྲོ་བཞིན་པ་འདི་ཉིད་ཕངས་སེམས་ཆེ་ཤོས་སུ་གྱུར་ཡོད།།