གྱོང་རག་ས་མི་མང་དཀྱུས་མ་རེད།
(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༩༧༧)
བཙན་བྱོལ་བོད་གཞུང་ནི་རྒྱ་དམར་གཞུང་གིས་བོད་ཡུལ་ཡོངས་སུ་བཙན་འཛུལ་དང་དྲག་གནོན་བྱས་པ་དང་། ༧གོང་ས་མཆོག་གིས་སྣེ་ཁྲིད་པའི་བོད་མི་འབུམ་གཅིག་ལ་ཉེ་བ་ཞིག་རྒྱ་བལ་འབྲུག་གསུམ་དུ་འབྱོར་ནས་གསར་དུ་བཙུགས་པ་ཞིག་ཡིན་ཞིང་། གཞུང་འདི་བོད་ཀྱི་བཙན་པོ་རིམ་བྱོན་ནས་དགའ་ལྡན་ཕོ་བྲང་གི་བར་རྒྱུན་མ་ཆད་པར་བྱུང་བའི་ལོ་རྒྱུས་དང་ཁྲིམས་མཐུན་གྱི་རྒྱུན་འཛིན་པ་གཅིག་པུ་དེའང་ཡིན། ཕྱི་ལོ་༡༩༥༩ ལོར་བཙན་བྱོལ་དུ་འབྱོར་ནས་ཀྱང་མི་ལོ་༦༥ ཙམ་འདས་ཟིན། ༧གོང་ས་མཆོག་ཐོག་མར་རྒྱ་གར་བྱང་ཕྱོགས་མ་སུ་རིར་ཕེབས་འབྱོར་ཟིན་མ་ཐག ཁོང་དང་ཁོང་གི་བཀའ་ཤག་གང་དུ་ཡོད་པ་དེར་བོད་གཞུང་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་ཅེས་གསུངས་པ་བཞིན། འདས་པའི་མི་ལོ་དྲུག་ཅུ་ལྷག་གི་རིང་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་མཚོན་རང་བཞིན་དུ་གྱུར་ཡོད་པ་མ་ཟད། བཙན་བྱོལ་བོད་གཞུང་དེ་གཞིས་བྱེས་གཉིས་སུ་ཡོད་པའི་བོད་མི་རྣམས་ཀྱི་ངོས་ནས་ཁྲིམས་མཐུན་དང་ལོ་རྒྱུས་ཀྱི་རྒྱུན་འཛིན་པ་གཅིག་པུར་ངོས་འཛིན་བྱེད་བཞིན་ཡོད།
རྒྱ་དམར་གཞུང་གིས་ཀྱང་སྔ་རྗེས་སུ་༧གོང་ས་མཆོག་བཙན་བྱོལ་བོད་གཞུང་གི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་ཡིན་བཞིན་པའི་སྐབས་སུ་མགོན་པོ་གང་གི་སྐུ་ཚབ་ཀྱི་ངོ་བོའི་ཐོག་ནས་བོད་གཞུང་གི་གནད་ཡོད་མི་སྣ་མང་པོ་ཞིག་གཞུང་འབྲེལ་གྱིས་སྔ་རྗེས་སྣེ་ལེན་བྱས་པ་འདིའི་ཐོག་ནས། ཕྱི་ལ་དྲིལ་བསྒྲགས་ག་འདྲ་ཞིག་བྱས་མིན་ལ་མ་ལྟོས་པར་དོན་དུ་བཙན་བྱོལ་བོད་གཞུང་དེ་ངོས་ལེན་བྱས་པ་ཞིག་ཏུ་གྱུར་ཡོད། རྒྱལ་སྤྱིའི་ཁྱོན་ནས་ཀྱང་བཙན་བྱོལ་བོད་གཞུང་ལ་འབྲེལ་བ་དང་རོགས་རམ་གནང་སྟངས་གང་ཐད་ནས་བོད་དང་བོད་མིའི་ལོ་རྒྱུས་ཀྱི་གནས་སྟངས་དང་། ད་ལྟའི་དཀའ་ངལ་བཅས་ལ་ངོས་འཛིན་གནས་བབས་ཚད་མཐོན་པོར་གྱུར་ཡོད། བཙན་བྱོལ་བོད་གཞུང་གི་ངོས་ནས་ཀྱང་རྒྱལ་སྤྱིའི་སྟེང་དུ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་ཞུ་གཏུག་བྱས་ནས་ངོས་འཛིན་དང་རྒྱབ་སྐྱོར་ཐོབ་ཐུབ་ཡོད་པ་དང་། མི་ལོ་དྲུག་ཅུ་ལྷག་གི་རིང་བཙན་བྱོལ་བོད་མི་རྣམས་ཀྱི་འཚོ་གོས་གནས་མལ་གང་ཐད་ནས་ནུས་པ་རྒྱ་མི་ཆུང་བ་ཞིག་ཐོན་ཡོད་པ་ནི་དངོས་སུ་མཐོང་རྒྱུ་ཡོད་པ་ཞིག་ཏུ་གྱུར་ཡོད།
ད་ལྟའི་ཆར་བཙན་བྱོལ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བཀའ་བློན་རྣམ་པ། སྤྱི་འཐུས་རྣམ་པ། མང་གཙོའི་ཀ་བ་གསུམ་གྱི་འགོ་འཁྲིད་ཟུར་པ་ཕལ་ཆེ་བ། མི་མང་དཀྱུས་མ་བཅས་ཀྱི་ནང་དུ་ཕྱོགས་འཐེན་གྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་དང་། དེ་དག་ཆ་ཚང་གི་ནད་རྟགས་གཙོ་བོ་ཐོན་ས་ནི་གྲོས་ཚོགས་ཡིན། (གྲོས་ཚོགས་ཞེས་པ་ནི་སྐབས་འདིར་གྲོས་ཚོགས་སུ་གྲོས་ལ་དབང་བའི་སྐྱེ་བོ་ཚང་མ་ལ་གོ་བ་ལས། སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་ཁོ་ན་ལ་གོ་བ་མིན།) གྲོས་ཚོགས་ཀྱི་ར་བའི་གནད་དོན་བྱེ་བྲག་པ་ཞིག་དང་འབྲེལ་བའི་ཐོག་ནས་རྒྱུ་མཚན་ཡོད་མེད་ཀྱི་རྩོད་རྙོག་བྱུང་བའི་ཁོར་ཡུག་ལ་གཞིགས་ནས་མི་མང་ནང་ཟིང་ཆ་སྣ་ཚོགས་ཡོང་གི་ཡོད་པ་དང་། མི་མང་ནང་གི་ཟིང་ཆ་ལ་བརྟེན་ནས་གྲོས་ཚོགས་ཀྱི་ཁོར་ཡུག་ལ་འགྱུར་བ་འགྲོ་བཞིན་ཡོད། དེ་ནི་མི་མང་ཁོ་ནའི་ནོར་འཁྲུལ་མིན་པ་དང་། མི་མང་གིས་འོས་འདེམས་བྱས་པའི་འཐུས་མི་ཁོ་ནའི་ནོར་འཁྲུལ་ཡང་མིན་པར། འདེམས་མཁན་དང་འཐུས་མི་གཉིས་གཅིག་ལ་གཅིག་བརྟེན་ཁོ་ན་ཡིན།
ཟླ་འདིའི་ནང་གྲོས་ཚོགས་ཚོགས་དུས་དྲུག་པ་མཇུག་སྐྱོང་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཡང་། ད་ལྟའི་ཆར་དགོངས་པ་ཞུ་མཁན་མང་པོ་ཡོད་པས་དགོས་ངེས་ཀྱི་གྲུབ་ཆ་ལོང་རྒྱུ་མིན་ཚོད་དང་། མང་པོ་ཞིག་གིས་རྡོར་གདན་གསུང་ཆོས་དང་འབྲེལ་ནས་དགོངས་པ་ཞུས་ཚུལ་བརྗོད་ཡོད་སྐད་འདུག་ཀྱང་། དོན་དུ་བཞུགས་སྒར་དྷ་སར་གསུང་ཆོས་གང་མང་གནང་སྐབས་སྤྱི་འཐུས་ཕལ་ཆེ་བ་བཅར་ཡོད་པའི་གནས་ཚུལ་མི་འདུག་པས། ད་ལན་རྡུང་རྒྱུ་རྔ་བརྡུངས་ཀྱང་དམིགས་རྒྱུ་འདྲེ་དམིགས་ཞེས་པའི་དཔེ་ལྟར་མུ་མཐུད་གྲོས་ཚོགས་མཇུག་སྐྱོང་མི་ཐུབ་པ་བཟོ་ཆེད་ཡིན་པ་འདྲ། ཕྱི་ཟླ་གསུམ་པའི་ནང་ལས་དོན་ཚང་མ་མཉམ་དུ་བྱ་རྒྱུའི་དབང་དུ་བཏང་ན། ཏོག་དབྱིབས་ནད་ཡམས་ཀྱི་ཛ་དྲག་དཀའ་ངལ་སྐབས་བཅའ་ཁྲིམས་དོན་ཚན་༤༩ པའི་ནང་གསེས་༢ པའི་དགོངས་དོན་གྲོས་ཚོགས་ཕྱིར་འགྱང་བྱས་པར་ཁྲིམས་ཞིབ་ཁང་གིས་ཀླན་ཀ་བཙལ་ནས་རྩོད་རྙོག་བར་མ་ཆད་དུ་བྱུང་བ་རེད། ད་ལན་བྱེད་སྟངས་འདིའི་ཐོག་ནས་ཁྲིམས་ཞིབ་ཁང་གི་བྱེད་སྟངས་ནོར་འཁྲུལ་དུ་ངོས་འཛིན་བྱས་པ་མ་རེད་དམ།
མདོར་ན་འཆར་ལོའི་ཕྱི་ཟླ་༣ པའི་ནང་ཉེ་ཆར་བྱུང་བའི་རྩོད་རྙོག་འདི་ལ་བརྟེན་ནས་གྲོས་ཚོགས་ཀྱི་ཁོར་ཡུག་དོག་ཏུ་ཕྱིན་ནས་ཁྲིམས་སྒྲིག་ཁག་ལ་དགོས་ངེས་ཀྱིས་བསྐྱར་བཅོས་མ་ཐུབ་ན། ཁྲིམས་སྒྲིག་གི་ཐོག་ནས་བཙན་བྱོལ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་སྦོ་ལུག་རྒྱུ་ཉག་གཅིག་ཏུ་གྱུར་ཡོད། དཔེར་ན་འོས་བསྡུའི་འགན་འཛིན་དང་། རྩིས་ཞིབ་སྤྱི་ཁྱབ་པ་བསྐོ་མི་ཐུབ་པ་གཅིག་པུའི་ཐོག་ནས་དཀའ་ངལ་ག་འདྲ་འཕྲད་རྒྱུ་ཡིན་པ་དེ་ཚང་མས་ཤེས་ཐུབ། མུ་མཐུད་བོད་མིའི་སྒྲིག་འཛུགས་འཐོར་ཞིག་ཏུ་གྱུར་སོང་ན། གནད་ཡོད་མི་སྣ་རྣམས་ཀྱིས་རང་གི་འཚོ་བ་དང་མདུན་ལམ་ཁ་ཕྱོགས་བཅས་གང་ཐད་ནས་གྲ་སྒྲིག་ཡོད་པས་སྒེར་ལ་དཀའ་ངལ་ཆེན་པོ་མེད་ནའང་། ཤེས་ཡོན་དང་། འཚོ་ཐབས། འཕྲོད་བསྟེན་གང་ཐད་ནས་གནས་སྐབས་བཤད་མི་ཤེས་པའི་དཀའ་ངལ་ཆེན་པོ་འཕྲད་ས་ནི་མི་མང་དཀྱུས་མ་དགུན་ཚོང་ཙམ་ལ་བརྟེན་ནས་འཚོ་བ་སྐྱེལ་ཐབས་བྱེད་མཁན་རྣམས་ཡིན་པ་ནི་སྨྲོས་མི་དགོས་པ་དང་ཕུགས་ནས་བོད་དོན་འཐབ་རྩོད་ལ་གྱོང་ཕོག་རྒྱུ་ཉག་གཅིག་ཏུ་གྱུར་ཡོད།།