གྲོས་མོལ་ག་ཚོད་བྱས་ཀྱང་རྒྱ་ནག་གིས་ལྐོག་ནས་རྒྱ་གར་གྱི་ས་མཚམས་སུ་དམག་གི་རྟེན་གཞི་ཇེ་མང་དུ་གཏོང་བཞིན་ཡོད་པར་བརྗོད་འདུག 

Screenshot

རྒྱ་དཀར་ནག་གཉིས་བར་ཧིན་བོད་ས་མཚམས་སུ་རྩོད་རྙོག་དང་གདོང་ཐུག་མི་ཡོང་བའི་ཆེད་དུ་དམག་མི་ཉུང་དུ་གཏོང་རྒྱུ་དང་། ས་མཚམས་སུ་འཛིན་སྐྱོང་ཡག་པོ་ཡོང་ཆེད་དུ་ཚོགས་ཆུང་འཛུགས་རྒྱུ་སོགས་དམག་དཔོན་དང་འགོ་ཁྲིད་རིམ་པའི་ཐོག་ནས་གྲོས་མོལ་ཡང་ཡང་བྱེད་ཀྱི་ཡོད་ཀྱང་། རྒྱ་ནག་གིས་རྒྱབ་མདུན་གཉིས་ཀྱི་ལས་ཀ་ཞིག་བྱེད་བཞིན་ཡོད་པར་བརྗོད་འདུག 

ཕྱི་ཚེས་༢༥ ཉིན་(india.com)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱིས་འཁོར་སྐར་བརྒྱུད་ནས་ཤེས་རྟོགས་བྱུང་བ་ཞིག་ལ། རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་གྱི་གྲོང་ཁྱེར་(Tashkurgan Khunjerab)་དུ་གནམ་ཐང་གསར་རྒྱག་བྱས་ཡོད་པ་ཤེས་རྟོགས་བྱུང་འདུག་ལ། གནམ་ཐང་དེ་དང་རྒྱ་གར་གྱི་ས་མཚམས་གཉིས་བར་སྤྱི་ལེ་༢༠༠ ལས་འགྱང་ཐག་ཡོད་མི་འདུག་པས། རྒྱ་གར་གྱི་བདེ་འཇགས་ཐད་ཉེན་ཁ་ཆེན་པོ་ཡིན་འདུག གནམ་ཐང་དེ་ཕྱི་ལོ་༢༠༢༢ ལོ་ནས་གསར་རྒྱག་བྱས་ཡོད་འདུག་པ་དང་། མགྲོན་པོ་སྐྱེལ་འདྲེན་དང་དམག་གི་གནམ་གྲུ་འབབ་པ་དང་འཕུར་བ་སོགས་བྱེད་ཐུབ་ཀྱི་ཡོད་འདུག་པའི་རྐྱེན་གྱིས་ཉེན་ཁ་ཆེན་པོ་ཡིན་འདུག་པས། རྒྱ་གར་གྱི་ངོས་ནས་གནམ་ཐང་དེ་ནམ་ཡང་སྣང་མེད་དུ་འཇོག་མི་རུང་བ་ཞིག་ཡིན་པར་བརྗོད་འདུག 

ཉེ་ཆར་ཚེས་༡༨ ཉིན་རྒྱ་ནག་གི་སྲིད་བློན་རྒྱ་གར་ནང་ཡོང་ནས་རྒྱ་གར་གྱི་སྲིད་བློན་དང་ཕྱི་སྲིད་བློན་ཆེན། རྒྱ་གར་གྱི་བདེ་འཇགས་སློབ་སྟོན་པ་བཅས་གནད་ཡོད་མི་སྣ་མང་པོ་ཞིག་དང་ཐུག་འཕྲད་ཀྱིས་མ་འོངས་པར་རྒྱ་དཀར་ནག་གཉིས་བར་ཧིན་བོད་ས་མཚམས་ཀྱི་གནད་དོན་དང་ཚོང་ལས། ཡུལ་སྐོར་སྤྲོ་འཁྱམ་ཡོང་མཁན་ཚོ་ལ་མཐོང་མཆན་སྤྲོད་རྒྱུ་སོགས་ཀྱི་གནད་དོན་དུ་མའི་སྐོར་གྲོས་མོལ་བྱས་ཡོད་ཅིང་། དེ་བཞིན་རྒྱ་དཀར་ནག་གཉིས་བར་ཧིན་བོད་ས་མཚམས་ཀྱི་གནད་དོན་ཐད་གྲོས་མོལ་ཐེངས་༢༤ པ་དེ་ཡང་འཚོགས་ཡོད་པ་དང་། སྐབས་དེ་དུས་ས་མཚམས་ཀྱི་གནད་དོན་དང་འབྲེལ་ནས་དོན་ཚན་༥ ཅན་གྱི་གྲོས་མཐུན་ཞིག་བཞག་ཡོད། གྲོས་མཐུན་དེ་དག་ནི།

༡ ཕྱི་ལོ་༢༠༠༥ ལོའི་ཆབ་སྲིད་ཀྱི་ཚད་ཐེག་དང་གཞི་རྩའི་ལམ་སྟོན་གྱི་སྲིད་བྱུས་གཞིར་བཟུང་། ས་མཚམས་ཀྱི་གནད་དོན་ཐད་ཕྱོགས་གཉིས་ཀས་དྲང་པོ་དང་རྒྱུ་མཚན་ལྡན་པ། ཕན་ཚུན་ངོས་ལེན་ཡོད་པའི་ཐོག་ནས་རྩོད་རྙོག་མི་ཡོང་བ་བྱེད་དགོས་པ་དང་། 

༢ (WMCC )ཟེར་བའི་ལྷན་ཚོགས་འོག་ནས་མཁས་པའི་ཚོགས་ཆུང་ཞིག་བཙུགས་ཏེ་ས་མཚམས་ཀྱི་དཀའ་རྙོག་ཐད་ཞིབ་འཇུག་བྱེད་རྒྱུ་ཡིན་པ།

 ༣ (WMCC )་ཏུ་སྡེ་ཚན་ཞིག་གསར་འཛུགས་བྱས་ཏེ་ས་མཚམས་ཀྱི་འཛིན་སྐྱོང་དང་། ས་མཚམས་སུ་བརྟན་ལྷིང་རྒྱུན་གནས་ཐུབ་ཐབས་སུ་ལྟ་སྐྱོང་བྱེད་རྒྱུ།

༤ ཧིན་བོད་ས་མཚམས་ཀྱི་ཤར་ཕྱོགས་དང་དབུས་གཉིས་ཀྱི་གནད་དོན་ཐད་དམག་དཔོན་རིམ་པའི་ཐོག་ནས་རྩོད་རྙོག་སེལ་ཐབས་སུ་ཐབས་ལམ་གསར་འཛུགས་བྱེད་རྒྱུ་དང་། ནུབ་ཕྱོགས་ས་ཁུལ་གྱི་གནད་དོན་ཐད་སྔར་ཡོད་པའི་ཐབས་ལམ་རྒྱུན་འཁྱོང་བྱེད་རྒྱུ་དང་སྦྲགས། བསྐྱར་དུ་དེའི་སྐོར་ཚོགས་འདུ་ཞིག་འཚོག་རྒྱུ།

༥ ཕྱོགས་གཉིས་ཀས་མ་འོངས་པར་ས་མཚམས་འཛིན་སྐྱོང་གི་གནད་དོན་ཐད་ད་ལྟ་ཡོད་པའི་ཕྱི་སྲིད་ལྷན་ཁང་དང་དམག་དོན་རིམ་པའི་ཐོག་ནས་རྩོད་རྙོག་སེལ་ཐབས་བྱེད་རྒྱུ་དང་། དེ་ཡང་གཞི་རྩའི་སྲིད་བྱུས་དང་ཐབས་ལམ་ཐོག་ནས་འགོ་འཛུགས་དགོས་པ་བཅས་འཁོད་འདུག 

གོང་གསལ་གནད་དོན་༥ རྣམས་ཉེ་ཆར་རྒྱ་དཀར་ནག་གཉིས་བར་གྲོས་མཐུན་བཞག་ཡོད་འདུག་ཀྱང་། རྒྱ་ནག་གིས་བོད་ནང་དང་ཤར་ཏུར་ཀི་སི་ཐན་བཅས་ཀྱི་ནང་དུ་གནམ་ཐང་གསར་རྒྱག་དང་མེ་འཁོར་ལྕགས་ལམ་གསར་བཟོ་སོགས་ཀྱིས་རྒྱ་གར་གྱི་ས་མཚམས་ཉེ་འགྲམ་དུ་དམག་གི་རྟེན་གཞི་ཇེ་མང་དང་། ཡོད་པ་རྣམས་རྒྱ་སྐྱེད་གཏོང་བཞིན་ཡོད་པ་ཤེས་རྟོགས་བྱུང་འདུག་པར་བརྟེན། རྒྱ་གར་གྱི་བདེ་སྲུང་ལ་ཉེན་ཁ་ཆེན་པོ་ཞིག་དང་ཉེན་བརྡ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པར་བརྗོད་འདུག དེ་ཡང་གནད་དོན་བཞིའི་སྐོར་གླེང་སློང་བྱས་འདུག 

༡ རྒྱ་ནག་གིས་རྒྱ་གར་གྱི་ས་མཚམས་སུ་འཛུགས་སྐྲུན་ལས་གཞི་ཇེ་མང་དུ་སྤེལ་བཞིན་ཡོད་པ། 

༢ འཁོར་སྐར་བརྒྱུད་ནས་མཐོང་ཐུབ་པ་ཞིག་ལ་(Tashkurgon khunjerab Airport)ཟེར་བའི་ཤར་ཏུར་ཀི་སི་ཐན་ནང་རྒྱ་ནག་གཞུང་གིས་གསར་རྒྱག་བྱས་པའི་གནམ་ཐང་དེ་རྒྱ་གར་གྱི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་ཆགས་ཀྱི་ཡོད་པ། 

༣ རྒྱ་ནག་གིས་བོད་ནང་དང་ཤར་ཏུར་ཀི་སི་ཐན་ནང་དུ་དམག་གི་རྟེན་གཞི་དང་གནམ་ཐང་རྣམས་རྒྱ་སྐྱེད་དང་གསར་རྒྱག་བྱེད་བཞིན་ཡོད་པ།

 ༤ རྒྱ་གར་གྱི་འགོ་ཁྲིད་ཚོས་རྒྱ་ནག་གི་འཛུགས་སྐྲུན་ལས་གཞི་དེ་དག་ནམ་ཡང་སྣང་མེད་དུ་གཏོང་མི་ཉེན་པ་བཅས་བརྗོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།