གྲོས་ཚོགས་གོང་མའི་ནང་སྲིད་འཛིན་ཟུར་པ་ཊོམ་ལ་དག་སེལ་བྱས་འདུག 

ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་༧ གྱིས་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་དང་མཉམ་དུ་སྲིད་འཛིན་ཟུར་པ་ཊོམ་ལ་ནག་ཉེས་ཡོད་པའི་འོས་ཤོག་འཕངས་མིན་ལ་མ་ལྟོས་པར། དགོས་ངེས་ཀྱི་འོས་གྲངས་མ་ཐོབ་རྐྱེན་སྲིད་འཛིན་ཟུར་པ་ཌོ་ནལ་ཊོམ་ལ་ཉེས་མེད་པའི་བཅད་ཁྲ་བསྒྲགས་ནས་ཁོང་དག་སེལ་བྱས་འདུག

དེ་ཡང་ཟླ་༢ པའི་ཚེས་༡༣ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ། སྲིད་འཛིན་ཟུར་པ་ཌོ་ནལ་ཊོམ་གྱིས་ཨ་རིའི་གཞུང་ལ་དྲག་པོའི་གྱེན་ལངས་བརྒྱུད་སྐུལ་བྱས་པའི་ཉེས་འཛུགས་ཐོག ཉེས་པ་ཡོད་མེད་ཐོག་གྲོས་ཚོགས་འཐུས་མི་རྣམས་ཀྱིས་འོས་ཤོག་འཕངས་འདུག་པ་དང་། གྲུབ་དོན་དུ་གྲོས་ཚོགས་འཐུས་མི་༥༧ གྱིས་ཊོམ་ལ་ཉེས་པ་ཡོད་པའི་འོས་ཤོག་འཕངས་འདུག གྲོས་ཚོགས་འཐུས་མི་༤༣ གྱིས་ཊོམ་ལ་ཉེས་པ་མེད་པའི་འོས་ཤོག་འཕངས་འདུག སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་༧ གྱིས་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་༥༠ དང་མཉམ་དུ་ཊོམ་ལ་ཉེས་པ་ཡོད་པའི་འོས་ཤོག་འཕངས་འདུག་ཀྱང་། ཊོམ་ལ་ཉེས་པ་ཡོད་པའི་བཅད་ཁྲ་སྒྲོག་བྱེད་ཀྱི་དགོས་ངེས་འོས་གྲངས་གསུམ་ཆ་གཉིས་ལོན་མེད་རྐྱེན། གྲོས་ཚོགས་གོང་མའི་ནང་ཐེངས་གཉིས་པར་སྲིད་འཛིན་ཟུར་པ་ཊོམ་ལ་ཉེས་པ་མེད་པའི་བཅད་ཁྲ་བསྒྲགས་འདུག 

སྤྱིར་བཏང་ཌོ་ནལ་ཊོམ་གྱི་སྲིད་འཛིན་ལས་ཡུན་རྫོགས་ཟིན་པས། ཁོང་ལས་གནས་ནས་གནས་དབྱུང་གཏོང་ཐབས་མེད་ཀྱང་། མང་གཙོ་ཚོགས་པས་གལ་ཏེ་ཁོང་ལ་ཉེས་པ་ཡོད་པའི་བཅད་ཁྲ་བསྒྲགས་ཐུབ་ཚེ་མ་འོངས་པར་ཁོང་གཞུང་གི་ལས་གནས་ཁུར་རྒྱུ་མེད་པ་བཟོ་རྒྱུ་དམིགས་ཡོད་པ་དེ་ལམ་ལྷོངས་བྱུང་མེད་པ་རེད། 

བཅད་ཁྲ་དང་སྦྲགས་ནས་སྲིད་འཛིན་ཟུར་པ་ཊོམ་གྱིས་ཁོང་ལ་ཉེས་འཛུགས་དང་ཁྲིམས་ཞིབ་ཀྱི་ལས་དོན་དེར་དེ་སྔོན་ལྟར་སྐྱོན་བརྗོད་བྱས་ཏེ། མ་འོངས་པར་ཁོང་གིས་ཨ་རི་རླབས་ཆེན་རྒྱལ་ཁབ་བསྐྱར་དུ་བཟོ་ཆེད་དུ་ལས་དོན་མུ་མཐུད་ནས་སྤེལ་རྒྱུ་ཡིན་སྐོར་བརྗོད་ནས། མ་འོངས་པར་སྲིད་དོན་ལས་གནས་ལ་འོས་འགྲན་བྱེེད་སྲིད་པའི་གོ་རྒྱུ་བཏང་འདུག དཔྱད་བརྗོད་པ་མང་པོ་ཞིག་གིས་ཌོ་ནལ་ཊོམ་༢༠༢༤ ལོའི་སྲིད་འཛིན་འོས་མིར་ཞུགས་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་དང་། དེ་བཞིན་གྲོས་ཚོགས་གོང་འོག་གཉིས་ནས་ཁོང་ལ་ཁ་གཏད་ཀྱི་འོས་ཤོག་འཕེན་མཁན་སྤྱི་མཐུན་ཚོགས་པའི་འཐུས་མི་རྣམས་ལ་རྒོལ་ལན་བསློགས་ནས། དེ་རྣམས་འོས་འདེམས་བསྐྱར་དུ་མི་ཡོང་ཐབས་འབད་རྒྱུ་ཡིན་པར་ཚོད་དཔག་བྱེད་བཞིན་འདུག 

གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་པཱི་ལོ་སེ་ཡིས། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་རྣམས་ཀྱིས། ཊོམ་གྱིས་ཨ་རིའི་གཞུང་ལ་དྲག་པོའི་གྱེན་ལངས་བརྒྱུད་སྐུལ་བྱས་པའི་འགན་ཡོད་པར་རྒྱབ་སྐྱོར་མ་བྱས་པ་དེ་ནི་སྡར་མའི་བྱེད་ལས་ཤིག་ཡིན་པ་དང་། ཨ་རིའི་ལོ་རྒྱུས་ནང་ཉིན་ནག་དང་ངོ་ཚ་ཁྲེལ་མེད་ཀྱི་བྱེད་ལས་ཚབས་ཆེ་ཤོས་གྲས་སུ་ཆགས་རྒྱུ་ཡིན་སྐོར་བརྗོད་འདུག དེ་ཡང་དཔྱད་བརྗོད་པ་མང་པོ་ཞིག་གིས་གལ་ཏེ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཕལ་ཆེ་བས། ཁོ་ཚོས་སྲིད་འཛིན་ཟུར་པ་ཊོམ་ལ་ཁ་གཏད་ཀྱི་འོས་ཤོག་འཕངས་ཚེ། ཊོམ་ལ་རྒྱབ་སྐྱོར་བྱེད་མཁན་མི་མང་ཚོས་ཁོང་རྣམས་ལ་མ་འོངས་པའི་འོས་བསྡུ་སྐབས་སུ་རྒོལ་ལན་སློག་ཆེད་དུ་འོས་ཤོག་མི་འཕེན་པའི་ཞེད་སྣང་བྱེད་ཀྱི་ཡོད་སྐོར་བརྗོད་བཞིན་འདུག 

དེ་ཡང་ཟླ་༡ པོའི་ནང་ཨ་རིའི་གྲོས་ཚོགས་སུ་སྲིད་འཛིན་ཊོམ་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཞིག་གིས། དྲག་པོའི་ཐོག་ནས་གྲོས་ཚོགས་ཁང་དུ་བཙན་འཛུལ་བྱས་ནས་གྱེན་ལངས་བྱས་ཡོད་པ་དང་། དེ་ལ་བརྟེན་ནས་རྒྱལ་སྤྱི་དང་ཨ་རིའི་འགོ་ཁྲིད་མང་པོས་གནད་དོན་དེར་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་ཁར། མང་པོ་ཞིག་གིས་དྲག་པོའི་གྱེན་ལངས་ཀྱི་ལས་འགུལ་དེ་བརྒྱུད་སྐུལ་བྱེད་མཁན་ནི་སྐབས་དེའི་སྲིད་འཛིན་ཊོམ་ཡིན་པ་དང་། དེ་ཡང་གནད་དོན་དེ་མ་ལྷག་པའི་སྔོན་ལ། ཁོང་གིས་རྒྱབ་སྐྱོར་བ་ཚོར་གྲོས་ཚོགས་སུ་ངོ་རྒོལ་བྱེད་དགོས་པ་དང་། གྲོས་ཚོགས་ནས་འདེམས་ཐོན་སྲིད་འཛིན་རྗོ་བྷའེ་ཌན་ལ་རྒྱལ་ཁ་ཐོབ་པའི་ངོས་འཛིན་རྒྱབ་སྐྱོར་བྱེད་དུ་བཅུག་མི་རུང་བའི་གཏམ་བཤད་སྤེལ་ཡོད་པ་རེད་འདུག་པས། གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་འགོ་ཁྲིད་དང་ཚོགས་མི་རྣམས་ཀྱིས་ཊོམ་གནས་དབྱུང་གཏོང་དགོས་པའི་དགོས་འདུན་བཏོན་ནས། གྲོས་ཚོགས་འོག་མ་ནས་ཁོང་ལ་ཉེས་འཛུགས་ཀྱི་ལས་དོན་འགོ་བཙུགས་ཡོད་པ་རེད། ཊོམ་ལ་ཉེས་འཛུགས་ཐེངས་དང་པོ་དེར་ཟླ་བ་གསུམ་ལྷག་འགོར་ཡོད་ཀྱང་། ཐེངས་འདིར་བདུན་ཕྲག་གཅིག་ནང་ལ་ཉེས་འཛུགས་བྱས་ཐུབ་ཡོད་པ་རེད།

དེ་ཡང་གྲོས་ཚོགས་འོག་མས་ཊོམ་གྱིས་འོས་བསྡུའི་གྲུབ་འབྲས་འགྱུར་ལྡོག་གཏོང་ཆེད་དུ། ཨ་རིའི་གཞུང་ལ་དྲག་པོའི་གྱེན་ལངས་བརྒྱུད་སྐུལ་བྱས་ཡོད་པ་དང་། ཁོང་ལས་གནས་ནས་གནས་དབྱུང་བཏང་ནས། མ་འོངས་པར་གཞུང་གི་ལས་གནས་སུ་ལས་འཁུར་ནམ་ཡང་བྱེད་མི་ཆོག་པ་བཟོ་དགོས་པའི་དགོས་འདུན་བཏོན་ཡོད་འདུག དེ་ཡང་ཉེས་འཛུགས་ལ་རྒྱབ་སྐྱོར་བྱེད་མཁན་གྲོས་ཚོགས་འོག་མའི་འཐུས་མི་༢༣༢ བྱུང་འདུག་པ་དང་། དགག་བྱ་བྱེེད་མཁན་༡༩༧ བྱུང་ནས་མང་མོས་ཀྱིས་སྲིད་འཛིན་ཁོང་ལ་ཉེས་འཛུགས་ཐེངས་གཉིས་པ་དེ་བྱས་ཡོད་པ་རེད་དེ། རྗེས་སུ་དེ་སྔོན་ལྟར་གྲོས་ཚོགས་གོང་མ་ནས་དགོས་ངེས་ཀྱི་འོས་གྲངས་གསུམ་ཆ་གཉིས་མ་ཐོབ་ནས་སྲིད་འཛིན་ཟུར་པ་ཊོམ་ལ་ཉེས་པ་མེད་པའི་བཅད་ཁྲ་བསྒྲགས་ཡོད་པ་རེད། 

ཨ་རིའི་ལོ་རྒྱུས་ནང་ད་བར་སྲིད་འཛིན་ཟུར་པ་ཊོམ་གྱི་སྔོན་ལ་སྲིད་འཛིན་གཉིས་ལ་གྲོས་ཚོགས་འོག་མ་ནས་ཉེས་འཛུགས་བྱས་ཡོད་ཀྱང་། གྲོས་ཚོགས་གོང་མ་ནས་ཉེས་སེལ་བྱས་ཡོད་པ་དང་། སྲིད་འཛིན་གཅིག་གྲོས་ཚོགས་འོག་མའི་ནང་ཁོང་ལ་ཉེས་འཛུགས་ཆེད་དུ་འོས་ཤོག་ལས་རིམ་མ་སོང་བའི་སྔོན་ཚུད་ནས་རྩ་དགོངས་ཞུས་ཡོད་འདུག འོན་ཀྱང་སྲིད་འཛིན་གཅིག་ལ་ཉེས་འཛུགས་ཐེངས་གཉིས་བྱས་པ་ཐོག་མ་སྲིད་འཛིན་ཊོམ་ཆགས་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།