གྲོས་ཚོགས་ནང་སྲིད་སྐྱོང་དགོངས་པ་ཞུ་དགོས་པ་ཆགས་ཡོད་པ་རེད་ཅེས་གསུངས་སོང་།
ཟླ་འདིའི་ཚེས་༡༤ ཉིན་སྟེ། ཐེངས་འདིའི་གྲོས་ཚོགས་ཉིན་དང་པོའི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་འཆར་ཐོག བགྲོ་གླེང་གནང་སྐབས་སྤྱི་འཐུས་བློ་བཟང་ཆོས་འབྱོར་གྱིས། གདུང་སེམས་མཉམ་བསྐྱེད་ཚད་ལྡན་ཡོང་གི་མེད་པ་དང་། སྲིད་སྐྱོང་གིས་ཆབ་སྲིད་ལས་དོན་ཐོག་འཐུས་ཤོར་བཏང་ཡོད་སྐོར་དང་འབྲེལ་གསུང་དོན། “གྲོས་ཚོགས་ཚོགས་དུས་བཞི་པ་དང་ལྔ་པའི་བར་འཛིན་སྐྱོང་བཀའ་ཤག་གིས་ཆབ་སྲིད་ཐོག་འཐུས་ཤོར་བཏང་བཞག་པར་བསམ་བློ་ཞིག་བཏང་ན། ད་ལྟའི་བཀའ་ཤག་རྐུབ་བཀྱགས་འདིའི་ཐོག་ནས་འདུག་རྒྱུའི་གནས་སྟངས་གང་ཡང་ཡོད་མ་རེད། བཟང་སྤྱོད་ཐོག་ནས་དགོངས་པ་ཞུ་དགོས་པའི་གནས་སྟངས་ཆགས་ཡོད་རེད། དཔེ་མཚོན་ཞུས་ན། ཉེ་ཆར་ཐུགས་རྗེ་ཆེ་རྒྱ་གར་གཞུང་ཞེས་པའི་ལས་འགུལ་དེ་ལ་འཛམ་བུ་གླིང་འདིའི་ཐོག་བོད་ཀྱི་རྩ་དོན་ལ་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་པ་རྒྱ་གར་གཞུང་གིས་གསལ་བསྒྲགས་སྤེལ་ཡོད་པ་རེད། དེ་གསང་ས་ཡོད་མ་རེད། གཞིས་བྱེས་བོད་མི་ཚང་མས་ཧ་གོ་དགོས་རེད། ལས་དོན་ལ་སྔོན་འགྲོ་བརྒྱུད་རིམ་ཚགས་ཚུད་མེད་པར། ལས་ཀ་འགོ་མ་བཙུགས་གོང་ནས་ཁྱབ་བསྒྲགས་ཞེ་དྲག་བྱས་ནས་མཐར་བོད་མི་ཚང་མ་ངོ་ཚ་དགོས་པ་ཆགས་རེད། ངའི་ངོ་ཤེས་པ་དེ་འདྲ་མང་པོ་ངུ་ཡི་འདུག་ལ། སྲིད་སྐྱོང་གིས་དང་པོ་རྒྱ་གྲགས་བོད་གྲགས་བྱས་རེད། རྒྱ་གར་གཞུང་གིས་ཆོག་མཆན་མེད་ནའང་དགག་བྱ་མེད་པའི་གདེང་ཚོད་དེ་འདྲ་དགོས་རེད། ཆབ་སྲིད་ཀྱི་དབུ་ཁྲིད་རེད་ཨ། རྒྱལ་ཁབ་གཞན་པའི་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་དབུ་ཁྲིད་ཅིག་ཡིན་ན། དགོངས་པ་ཞུ་དགོས་པའི་དུས་ཚོད་སླེབས་ཡོད་རེད་ཟེར་གྱི་འདུག བོད་ནང་ནས་འདི་འདྲ་བློས་གཏོང་བྱས་ཡོང་དུས། ང་ཚོས་གདུང་སེམས་མཉམ་བསྐྱེད་ཀྱི་ལས་ཀ་འདི་འདྲ་བྱས་ན་”ཞེས་དང་། སྤྱི་འཐུས་ཁོང་གིས་རྒྱ་ནག་གི་སྲིད་འཛིན་དང་འབྲེལ་ནས་གསུང་དོན། “ཞི་ཅིན་ཕྱིན་གྱི་སྐབས་མཐའ་མ་ལ་རེ་བ་རྒྱག་གི་ཡིན་ཞེས་དཔལ་ལྡན་སྲིད་སྐྱོང་གིས་གསུངས་ཡོད་པ་རེད། ཞི་ཅིན་ཕིན་ལ་རེ་བ་ཚད་ལྡན་རྒྱག་ཆོག་པར་ངས་ངོས་འཛིན་བྱེད་ཀྱི་ཡོད། ཧུའུ་ཅིན་ཐའོ་དང་ཅང་ཙི་མིན་ཁོང་ཚོ་ལས། ཞི་ཅིན་ཕིན་ལ་རེ་བ་རྒྱག་ཆོག་པའི་རྒྱུ་མཚན་མང་པོ་ཡོད་པ་རེད། ཡིན་ནའང་འདིར་ལུང་འདྲེན་བྱེད་རྒྱུ་མིན། སྔོན་མ་ཞི་ཅིན་ཕིན་གྱི་ལས་རོགས་ཚང་མ་བརྗེ་པོ་བརྒྱབ་རེད། བཀའ་ཤག་གིས་དེ་ལ་གསལ་བཤད་གང་ཡང་གནང་ཡོད་པ་མ་རེད། ད་ལྟ་རྒྱ་ནག་གི་རྩ་ཁྲིམས་ནང་སྲིད་འཛིན་གྱི་ལས་ཡུན་ཙམ་མ་ཟད། རྒྱ་ནག་གི་རྒྱལ་ཁབ་ངོ་བོའི་ཐོག་གུང་ཁྲན་ཏང་གིས་འགན་ག་འདྲ་ཁུར་གྱི་ཡོད་དོན་ཚན་མང་པོའི་ཐོག་འགྱུར་བ་ཐེབས་ཀྱི་ཡོད་རེད། ད་ལྟ་སྲིད་སྐྱོང་གིས་གསལ་བཤད་ཡོད་ཟེར་གྱི་ཡོད་པས། སྲིད་སྐྱོང་གི་འོས་འགན་ཡོད་པའི་གསལ་བཤད་ལ་རེ་བ་རྒྱག་གི་ཡོད་”ཅེས་གསུངས་སོང་།
སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་ལ་བཅར་འདྲི་ཞུས་པར། “ང་ཚོ་བཙན་བྱོལ་ནང་སླེབས་ནས་ལོ་དྲུག་ཅུ་ཟིན་གྱི་ཡོད་རེད་ལ། བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞེས་ལས་འགུལ་རྩོམ་གྱི་ཡོད་རེད། ཁ་ཤས་ཀྱིས་ལོ་ལྔ་བཅུ་འཁོར་དུས་དེ་འདྲ་གནང་ཡོད་རེད། ད་ལྟ་ལོ་བཅུའི་རྗེས་ནས་དགོས་པ་མི་དགོས་ཟེར་མཁན་འདུག་སྟེ། ངས་ག་ཚོད་མང་བ་ཐུགས་རྗེ་ཆེ་ཞུས་ན་དེའི་ཚོད་ཀྱིས་ཡག་གི་རེད་བསམ་གྱི་འདུག ད་ལྟ་རྒྱ་གར་གཞུང་གིས་བཀའ་རྒྱ་ཕེབས་པ་དེ་བོད་མིའི་སྒྲིག་འཛུགས་ཀྱིས་ལས་དོན་བྱེད་ཕྱོགས་མ་འགྲིག་པའི་རྐྱེན་གྱིས་རེད་བསམ་གྱི་མི་འདུག རྒྱ་གར་གྱི་ཁོ་རང་ཚོའི་ཆབ་སྲིད་ཀྱི་རྐྱེན་བྱས་ཏེ། ད་ལྟའི་ཆར་ཐག་གཅོད་གནང་བ་ཞིག་རེད་བསམ་གྱི་འདུག རྒྱ་གར་གཞུང་གིས་ད་ལྟ་རྒྱ་ནག་ལ་སྲིད་ཇུས་ག་རེ་འཛིན་དགོས་མིན་གསལ་པོ་ཡོད་མ་རེད། དང་པོ་བཀའ་རྒྱ་དེ་འདྲ་ཕེབས་རེད་ལ། རྗེས་སུ་ཡང་རང་འཇགས་ཡིན་གསུངས་ཡོད་རེད། ཡིན་ནའང་། རྒྱ་གར་གཞུང་གིས་བཀའ་རྒྱ་གནང་བ་བཞིན་ཡོང་གི་ཡོད་པའི་རྣམ་པ་མཐོང་གི་ཡོད་རེད། ཕྱི་ཟླ་༣ ཚེས་༡༧།༡༨ ཙམ་ལ་རྒྱ་གར་གྱི་ཚན་རིག་གི་ཚོགས་ཆེན་ཞིག་འཚོག་གི་ཡོད་རེད་ལ། དེའི་སྐབས་རྒྱ་གར་གྱི་སྲིད་བློན་ཡང་ཕེབས་ཀྱི་ཡོད་རེད་ལ། ཐོག་མར་༧གོང་ས་མཆོག་ལ་གདན་ཞུ་ཕུལ་ཡོད་རེད་དེ། ད་ལྟ་གནས་སྟངས་འགྲིག་མིན་བྱུང་ནས། ༧གོང་ས་མཆོག་མི་ཕེབས་རྒྱུ་ཆགས་ཡོད་རེད། རྒྱ་ནག་དང་རྒྱ་གར་བར་གྱི་ཆབ་སྲིད་ཀྱི་དཀའ་རྙོག་རེད། ཉེ་ཆར་ས་མཚམས་སུ་འབྲོག་ལམ་གྱི་རྙོག་གྲ་ཆགས་ཚར་རེད་ལ། རྒྱ་ནག་གི་སྲིད་འཛིན་གྱིས་དབང་ཆ་ཡར་བསྡུས་ནས། སྲིད་འཛིན་ལས་ཡུན་ག་ཚོད་འདུག་མིན་ངེས་པ་མེད་པ་ཆགས་ཡོང་དུས། ཆབ་སྲིད་ཀྱི་གནས་སྟངས་འོག་ནས་རྒྱ་གར་གཞུང་གིས་ཐག་གཅོད་གནང་བ་རེད་བསམ་གྱི་འདུག ཐུགས་རྗེ་ཆེ་ཞུའི་ལས་འགུལ་དེ་ཡག་པོ་མཐོང་སོང་། འགྲུབ་མ་འགྲུབ་དང་། ག་རེ་བྱས་ནས་འགྲུབ་ཡོད་མེད་བགྲོ་གླེང་རེད། གནད་དོན་དེ་འདྲ་བྱུང་དུས་ང་རང་ཚོ་ནང་ཁུལ་ནས་འགྲིག་མིན་བཤད་བསྡད་ན་ག་འདྲ་ཡོང་ཨ། མ་འོངས་པར་དེ་འདྲ་མ་ཡོང་ཆེད་གོམ་པ་ག་འདྲ་སྤོ་དགོས་ལྟ་དགོས་པ་ལས། ད་ལྟ་སྲིད་སྐྱོང་དགོངས་པ་ཞུ་དགོས་པ་རེད་བསམ་གྱི་མི་འདུག་”ཅེས་གསུངས་སོང་།
སྤྱི་འཐུས་ཁོང་གིས་རྒྱ་ནག་སྲིད་འཛིན་སྐོར་གསུང་དོན། “ཞི་ཅིན་ཕིན་ལ་རེ་བ་མ་བརྒྱབ་རང་བརྒྱབ་རེད། མཐའ་མ་དེར་ཁོང་ཚོ་མཉམ་པོར་སྐད་ཆ་བཤད་དགོས་རེད། ཁོ་རང་གིས་དབང་ཆ་ཚང་མ་ཡར་བསྡུས་ཟིན་པས། དེའི་ཐོག་འབྲེལ་བ་ག་འདྲ་བྱེད་དགོས་བསམ་བློ་གཏོང་དགོས་རེད། སྤྱི་ཡོངས་ནས་བོད་ནང་ལ་འགྲིག་གི་མེད་པ་དེ་གསལ་པོ་བཟོ་དགོས་རེད། མཚམས་རེར་བཙན་བྱོལ་ནང་ནས་བོད་ནང་ཆབ་སྲིད་ཀྱི་ལས་ཀ་མ་བྱས་ནས་འགྲིག་གི་ཡོད་པ་འདྲ་གསུང་གི་འདུག དེ་འདྲ་མ་རེད། རྒྱ་ནག་གིས་བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག་ཚང་མར་གཏོར་བཤིག་གཏོང་གི་ཡོད་རེད་”ཅེས་གསུངས་སོང་།
སྤྱི་འཐུས་བློ་བཟང་གྲགས་པ་ལ་གནད་དོན་དེའི་ཐོག་དགོངས་ཚུལ་ག་རེ་ཡོད་སྐོར་དྲིས་པར། “ང་ཚོའི་ལམ་ལུགས་དེ་མང་གཙོ་ཡིན་པས། གྲོས་ཚོགས་ར་བའི་ནང་བསམ་ཚུལ་གང་འདྲ་ཞིག་ཡིན་ནའང་བཤད་ཆོག་པ་ཞིག་རེད། བསམ་ཚུལ་དེ་ཡང་ཕར་བལྟས་ཡོང་དུས་སྒེར་གྱི་རྒྱུ་མཚན་ལ་བརྟེན་ནས་ཚོར་བ་ཆེན་པོའི་ཐོག་ནས་བཤད་པ་དེ་འདྲའང་བྱུང་ཡོད་རེད། ཡིན་ནའང་འདས་ཟིན་པའི་གནས་སྟངས་ཡོངས་ལ་བལྟས་ནས། ང་ཚོ་གྲོས་ཚོགས་འཐུས་མི་ཡིན་པའི་ཆ་ནས་དེའི་ཐོག་ལ་བསམ་ཚུལ་ག་རེ་ཡོད་མེད་དེ་ཕར་བཞག་ནས། ང་ཚོས་རྒྱབ་བཤིགས་བརྒྱབ་ནས་རྒྱ་ཆེའི་མང་ཚོགས་ཀྱིས་ད་ལྟའི་བཀའ་ཤག་ལ་གཟིགས་ཚུལ་གང་འདྲ་ཡོད་མེད་དང་དཔལ་ལྡན་སྲིད་སྐྱོང་ལ་ཆེ་མཐོང་གང་འདྲ་ཡོད་མེད་རྣམ་པ་ཚང་མས་མཐོང་གསལ་རེད། དེ་འདྲ་ཡིན་དུས་ང་རང་སྒེར་ངོས་ནས་ད་ལྟའི་བཀའ་ཤག་གིས་འཐུས་ཤོར་ཆེན་པོ་ཞིག་བཏང་ཡོད་པར་ངོས་འཛིན་རྩ་བ་ནས་བྱེད་ཀྱི་མེད། དེ་ལས་ལྡོག་ཏེ་ད་ལྟའི་བཀའ་ཤག་གིས་སྔར་མེད་པའི་བྱས་རྗེས་དང་མཛད་རྗེས་མང་པོ་ཞིག་གནང་ཐུབ་སོང་དྲན་གྱི་ཡོད། དེ་དང་མཉམ་དུ་འདས་ཟིན་པའི་བཀའ་ཤག་མང་པོ་ཞིག་གིས་གནང་མ་ཐུབ་པའི་ང་ཚོའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ཡར་རྒྱས་མང་པོ་ཞིག་བཏང་ཡོད་པ་ཧ་གོ་དོན་གསལ་ཞིག་རེད། ང་ཚོ་ཚང་མ་དྷ་སར་སྡོད་མཁན་ཡིན་དུས་གཡས་གཡོན་ལ་གཟིགས་དང་། འཛུགས་བསྐྲུན་གྱི་ཆ་ནས་ཡིན་ནའང་རེད། དཔལ་འབྱོར་གྱི་ཆ་ནས་ཡིན་ནའང་རེད། རྒྱལ་སྤྱིའི་ཐོག་ལ་འབྲེལ་ལམ་གྱི་ཆ་ནས་ཡིན་ནའང་རེད། ཐམས་ཅད་ཡོངས་སུ་གྲུབ་པར་ཡར་རྒྱས་ཀྱི་རྣམ་པ་ཞིག་མ་གཏོགས། འཐུས་ཤོར་གྱི་རྣམ་པ་ཞིག་རྩ་བ་ཉིད་ནས་མཐོང་གི་མི་འདུག དེ་ང་སྒེར་གཅིག་གི་བསམ་ཚུལ་ཞིག་མ་རེད། རྒྱ་ཆེའི་བོད་རིགས་སྤུན་ཟླ་མང་ཤོས་ཤིག་ལ་བསམ་ཚུལ་དེ་འདྲ་ཡོད་པས། སྲིད་སྐྱོང་གང་དུ་ཕེབས་ནའང་རེ་བ་ཆེན་པོ་དང་དགའ་སྣང་ཆེན་པོའི་ཐོག་ནས་ཕེབས་བསུ་ཆེན་པོ་གནང་བསྡད་ཡོད་པ་ཚང་མས་མཁྱེན་གསལ་རེད་”ཅེས་གསུངས་སོང་།
སྤྱི་འཐུས་ཁོང་གིས་མུ་མཐུད་གསུང་དོན། “ད་ཐེངས་རྒྱ་གར་གྱིས་ཆབ་སྲིད་ཀྱི་དབང་གིས་གསལ་བསྒྲགས་ཤིག་བཏང་ཡོད་པ་དེ་དངོས་བྱུང་རེད། ཡིན་ནའང་དེ་ང་ཚོའི་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་འཐུས་ཤོར་བཏང་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། དེ་རྒྱ་གར་དང་རྒྱ་ནག་གཉིས་བར་འབྲེལ་ལམ་གྱི་ཆ་ནས་ཆབ་སྲིད་ཀྱི་དགོས་དབང་ཞིག་གི་ཐོག་ནས། རྒྱ་གར་ལ་བསམ་བློ་དེ་འདྲ་ཞིག་འཁོར་ནས་ཐག་གཅོད་ཅིག་གནང་བ་རེད་མ་གཏོགས། ང་ཚོའི་ངོས་ནས་འཐུས་ཤོར་ཞིག་བཏང་ནས་ཐག་གཅོད་བྱེད་དགོས་པ་དེ་འདྲ་རྩ་བ་ནས་ཆགས་ཡོད་མ་རེད། གལ་སྲིད་དེ་ལྟ་བུར་ཞིག་ངོས་འཛིན་གནང་བ་ཡིན་ན། ཆབ་སྲིད་ཀྱི་གོ་རྟོགས་མེད་པ་དང་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ལ་མཁྱེན་རྟོགས་མེད་པ་རེད་བསམ་གྱི་འདུག་”ཅེས་གསུངས་སོང་།
ཁོང་གིས་རྒྱ་ནག་གི་སྲིད་འཛིན་སྐོར་གསུང་དོན། “ཞི་ཅིན་ཕིན་ལ་རེ་བ་ཆེན་པོ་ཡོད་རེད་ཅེས་སྔོན་ཆད་ནས་ང་ཚོའི་མཛད་གཙོ་རྣམ་པས་གསུངས་བསྡད་ཡོད་རེད་ལ། དེ་ལྟ་བུའི་རེ་བ་བྱེད་མི་ཆོག་པ་ཞིག་མ་རེད་དྲན་གྱི་འདུག དེ་འདྲ་ཡིན་དུས་ད་ཐེངས་ཞི་ཅིན་ཕིང་གིས་རྒྱ་ནག་གི་རྩ་ཁྲིམས་འགྱུར་བ་བཏང་སྟེ། ཞི་ཅིན་ཕིན་མུ་མཐུད་སྲིད་འཛིན་དང་ཐ་ན་མ་ཤི་བར་དུ་རྒྱ་ནག་གི་སྲིད་འཛིན་ནམ་གཙོ་འཛིན་ལ་བསྡད་ཆོག་པའི་གནས་སྟངས་དེའི་འོག་ལ། ང་ཚོས་རིམ་པས་ག་རེ་བྱེད་དགོས་མིན་ཐད་ལ། ངས་བསམ་ན་རྒྱ་ནག་གི་ཐག་གཅོད་དེ་བྱུང་བའི་རྗེས་ལ་ཡིན་ནའང་རེད། དེའི་སྔོན་ལ་ཡིན་ནའང་བཀའ་ཤག་ལ་འཆར་གཞི་དང་ཐབས་ལམ། སྲིད་ཇུས་ཤིག་ཏན་ཏན་ཡོད་པར་ཡིད་ཆེས་གཙང་མ་ཡོད་”ཅེས་གསུངས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།
