གྲོས་ཚོགས་ཚོགས་དུས་༡༠ པའི་ཐོག་ཏུ་དབུ་མའི་ལམ་གྱི་སྲིད་བྱུས་ལ་དོགས་འདྲི།
ད་ལྟའི་ཆར་ཨ་རི་དང་ཉི་ཧོང་གིས་གཙོས་པའི་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་དང་འབྲེལ་བའི་སྲིད་བྱུས་ལ་བསྐྱར་ཞིབ་དང་། “རྒྱ་ནག་གཅིག་གི་སྲིད་བྱུས་”ལ་བསམ་གཞིགས་ནན་པོ་བྱེད་སྒང་ཡིན་པ་ལྟར། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཉིན་གཉིས་པའི་ཐོག སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ཀྱིས་“ད་ལྟ་ང་ཚོའི་མི་རིགས་ས་གནས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང་། དེའི་ལས་དོན་ཐོག་ལ་ང་རང་ངོས་ནས་གདེང་ཚོད་དང་རེ་བ་ཡོད་པ་འདྲ་བོ་ཞིག་རྩ་བ་ནས་ཚོར་གྱི་མི་འདུག་”ཅེས་བརྗོད་དེ་དབུ་མའི་ལམ་གྱི་སྲིད་བྱུས་ལ་དོགས་སློང་བྱས་སོང་།
དེ་རིང་གི་གྲོས་ཚོགས་ཚོགས་དུས་སྐབས། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ཀྱིས་“ད་ལྟ་ང་ཚོའི་མི་རིགས་ས་གནས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང་། དེའི་ལས་དོན་ཐོག་ལ་གདེང་ཚོད་ཡོད་པ་དང་ང་རང་ངོས་ནས་རེ་བ་ཡོད་པ་འདྲ་བོ་ཞིག་རྩ་བ་ནས་ཚོར་གྱི་མི་འདུག་”བརྗོད་རྗེས། “དེ་མི་ཚོར་བའི་རྒྱུུ་མཚན་དེ་ང་རང་ཚོས་སྤྱི་ནོར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། ལས་ཀྱི་སྣེ་མོ་བ་རྣམས་ཀྱི་ལས་དོན་གྱི་ཐོག་ནས་ཡིད་ཆེད་མ་བསླེབས་པ་ཞིག་མ་རེད། ཡིན་ནའང་། ང་ཚོས་སྲིད་ཇུས་འདོན་སའི་རྒྱ་དམར་གཞུང་གི་འགོ་ཁྲིད་ཚོའི་འགྲོ་སྟངས་འགྲོ་ལུགས་ཀྱི་གནས་སྟངས་འདིའི་ཐོག་ནས་ང་ལ་དུས་ནམ་ཡང་ཡིད་ཆེས་སླེབས་མི་ཐུབ་པའི་གནས་སྟངས་ཡོང་གི་འདུག་”ཅེས་སྲིད་བྱུས་དེ་ལ་དོགས་པ་ཡོད་པའི་རྒྱུ་མཚན་འགྲེལ་བརྗོད་གནང་སོང་།
སྔོན་མའི་གནས་སྟངས་དང་ད་ལྟའི་གནས་སྟངས་གཉིས་ཀྱི་བར་དུ་ཁྱད་པར་དང་འགྱུར་བ་ཆེན་པོ་ཕྱིན་ཡོད་པའི་ཐད་ལ། ཁོང་གིས་“སྔོན་མ་ང་ཚོས་མི་རིགས་ས་གནས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དེ་འབུལ་སྐབས། རྒྱ་ནག་གི་རྩ་ཁྲིམས་ཀྱི་དོན་ཚན་མང་པོ་ཞིག་ལུང་འདྲེན་གྱི་ཡོད་པ་རེད། ལྷག་པར་དུ་རྩ་ཁྲིམས་ཀྱི་དོན་ཚན་ ༣༡ པ་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཞེས་པ་ཧོང་ཀོང་ལམ་ལུགས་ལ་དཔེ་བཞག་ནས་བཤད་ཀྱི་ཡོད་རེད། དེ་བཞིན་གྲངས་ཉུང་མི་རིགས་དང་འབྲེལ་བའི་དོན་ཚན་དེ་ཚོ་ལུང་འདྲེན་གྱི་ཡོད་པ་རེད། ད་དེ་ནས་བརྩིས་ནས་ད་ལྟའི་བར་དུ་བལྟས་ན་སྐབས་དེ་དུས་ཀྱི་ཧོང་ཀོང་དང་ད་ལྟའི་ཧོང་ཀོང་གི་གནས་སྟངས་ལ་བལྟས་ན། སྤྱི་ཡོངས་ནས་སྤྱི་ཚོགས་ཀྱི་གནས་སྟངས་ལ་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་ལ། ཉེ་བའི་ཆ་ནས་རྒྱ་ནག་གཞུང་གིས་ཁྲིམས་ལུགས་ཀྱི་ཐོག་ནས་འགྱུར་བ་མང་པོ་བཏང་འགྲོ་ཡི་ཡོད་རེད། དེ་འདྲ་ཡིན་དུས། ང་ཚོས་ད་ལྟ་ཡང་མུ་མཐུད་ནས་དེ་འདྲ་བྱས་ནས་བསྡད་པ་ཡིན་ན། ཕན་ཐོགས་ཆེན་པོ་ཞིག་མི་འདུག་བསམ་པའི་ཚོར་བ་དེ་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་ཡོང་གི་འདུག་”ཅེས་བཤད་སོང་།
ཕྱི་ལོ་༡༩༩༧ ལོར་དབྱིན་ཇིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱེད་སྐབས། རྒྱ་ནག་གིས་ཧོང་ཀོང་ལ་ལོ་ངོ་ ༥༠ ཡི་རིང་སྟེ། ཕྱི་ལོ་༢༠༤༧ བར་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་སྲིད་བྱུས་ལག་བསྟར་བྱེད་པའི་ཁས་བླངས་ཡོད་ན་ཡང་། ན་ནིང་ཕྱི་ཟླ་༦ པའི་ནང་རྒྱ་ནག་གིས་“རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་”ཞེས་པ་གཏན་ལ་ཕབ་ནས་རྩོད་རྙོག་ཅན་གྱི་ཁྲིམས་གསར་པ་དེའི་འོག་ནས་མང་གཙོའི་ལས་འགུལ་བ་དང་། ཕྱོགས་འགལ་ཆབ་སྲིད་མི་སྣ་རྣམས་འཛིན་བཟུང་དང་བཙོན་འཇུག་བྱས་དང་བྱེད་བཞིན་ཡོད་པ་མ་ཟད། ཟླ་འདིའི་ཚེས་༡༡ རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་གྲོས་ཚོགས་ནས་ཧོང་ཀོང་གི་འོས་བསྡུའི་ལམ་ལུགས་སྒྱུར་བཅོས་གཏོང་རྒྱུར་མང་མོས་རྒྱབ་སྐྱོར་བྱས་ཏེ་ཧོང་ཀོང་གྲོང་ཁྱེར་གྱི་མང་གཙོའི་ལམ་ལུགས་རྨང་ནས་རྩ་མེད་བཟོས་ཡོད།
གཞན་ཡང་། སྤྱི་འཐུས་ཁོང་གིས་“ད་ལྟའི་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་འཚར་ལོངས་ཡོང་བཞིན་པའི་ན་གཞོན་མང་པོའི་སེམས་ཁམས་ནང་ལ། ང་ཚོས་དགྲ་ལ་དགྲ་ཡི་འདུ་ཤེས་འཛིན་མ་ཐུབ་པ་དང་། ང་ཚོས་དཀའ་ངལ་ལ་དཀའ་ངལ་གྱི་བསམ་བློ་འཁོར་མ་ཐུབ་པ་དང་། མ་འོངས་པར་མི་རིགས་ཀྱི་འཐབ་རྩོད་དང་རྒྱལ་ཁབ། རིག་གཞུང་གི་འདུ་ཤེས་བརླག་འགྲོ་ཡི་འདུག དེ་འདྲའི་ཚོར་བ་དེ་འདྲ་ཞིག་ཡོང་གི་ཡོད་”ཅེས་བརྗོད་པའི་ཐོག “བོད་པ་ཡི་གནས་སྟངས་དེ་འདི་འདྲ་ཞིག་ཆགས་བསྡད་ཡོད་རེད། དེ་འདྲ་ཡིན་དུས། ད་ང་ཚོས་མ་འོངས་པར་འཐབ་རྩོད་དེ་གནས་དགོས་ན་བསམ་བློ་ཡི་ཐོག་ནས་ག་འདྲ་བྱས་ནས་སྐྱེད་སྲིང་བྱེད་རྒྱུ་[ཡིན་ནམ།] བཙན་བྱོལ་སྤྱི་ཚོགས་ཀྱི་ན་གཞོན་དེ་ཚོའི་སེམས་ཁམས་ལ་འཐབ་རྩོད་ཀྱི་འདུ་ཤེས་དེ་ང་ཚོས་ག་འདྲ་བྱས་ནས་གནས་ཐུབ་པའི་ཐབས་ཤེས་བྱེད་དགོས་ཀྱི་ཡོད་རེད། དེ་འདྲ་བལྟས་ན། ངས་ནི་ད་ལྟ་ང་ཚོ་ཡི་ལངས་ཕྱོགས་དང་སྲིད་བྱུས་དེའི་ཐོག་ནས་གནོད་སྐྱོན་ཆེན་པོ་ཞེ་དྲག་འགྲོ་ཡི་འདུག་སྙམ་ནས་ཁ་ཞེ་གཉིས་མེད་ཀྱིས་ཚོར་འདུག་”ཅེས་བསྣན་སོང་།
ཕྱི་ལོ་༢༠༡༩ ལོའི་ལོ་སྨད་དུ་རྒྱ་ནག་དབུས་ཀྱི་གྲོང་ཁྱེར་ཝུའུ་ཧན་ནས་བྱུང་བའི་ཏོག་དབྱིབས་ནད་ཡམས་འཛམ་གླིང་ཁྱོན་དུ་ཁྱབ་ནས་འཛམ་གླིང་གི་དཔལ་འབྱོར་དང་ཚེ་སྲོག་བརྗོད་ལས་འདས་པའི་གྱོང་གུན་ཕོག་པར་བརྟེན། འཛམ་གླིང་མི་མང་གིས་རྒྱ་ནག་ལ་བཟུང་བའི་ལྟ་སྟངས་ཡོངས་སུ་འགྱུར་བ་ཐེབས་ཡོད་པ་མ་ཟད། རྒྱ་ནག་གིས་རྒྱ་གར་དང་། ཉི་ཧོང་། ཧྥི་ལིད་པེན་ལ་སོགས་པའི་ཁྱིམ་མཚེས་རྒྱལ་ཁབ་དག་གི་ས་ཆ་བཙན་འཕྲོག་དང་། ལྷོ་རྒྱ་ནག་རྒྱ་མཚོའི་རྒྱལ་སྤྱིའི་མཚོ་ལམ་ཧམ་འཛིན་བྱེད་བཞིན་པ་དེས་འཛམ་གླིང་གི་སྲིད་གཞུང་དག་ལ་སེམས་འཚབ་ཆེན་པོ་སློང་བཞིན་ཡོད་ལ། ལྷག་པར་དུ་འཛམ་གླིང་གི་དཔལ་འབྱོར་གྱི་ལྟེ་བར་གྱུར་བའི་ཧོང་ཀོང་གི་མང་གཙོའི་ལམ་ལུགས་རྩ་མེད་བཏང་བ་དེས་མང་གཙོའི་སྲིད་གཞུང་གིས་རྒྱ་ནག་གི་ཚོན་མདོག་ངོ་མ་དེ་མཐོང་དུ་བཅུག་ཡོད་པས། འཛམ་གླིང་གི་སྲིད་གཞུང་དག་གིས་རྒྱ་ནག་དང་འབྲེལ་བའི་སྲིད་བྱུས་ལ་བསམ་གཞིག་དང་བསྐྱར་བཅོས་ནན་པོ་བྱེད་ཀྱི་ཡོད། ཡིན་ན་ཡང་། རྒྱ་ནག་གི་བསམ་སྤྱོད་ལ་འབྲེལ་བ་ཆེ་ཤོས་སུ་གྱུར་བའི་བོད་མིའི་སྒྲིག་འཛུགས་ཀྱིས་འདས་པའི་ལོ་ངོ་བཅུ་ཕྲག་ནང་བཟུང་བའི་སྲིད་བྱུས་ལ་བསྐྱར་ཞིབ་གཏོང་འཆར་ཡོད་པའི་རྣམ་འགྱུར་ད་བར་བསྟན་མེད་པ་རེད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།