གྲོས་ཚོགས་འཐུས་མིའི་དམ་འབུལ་སྐོར་ལ་༧གོང་ས་མཆོག་གི་ལམ་སྟོན་བཀའ་ཤོག

༄༅། །ཆེད་དོན། དེ་ནས་ཕྱི་ལོ་༢༠༢༡ ཟླ་ ༩ ཚེས་ ༢༩ འཁོད་པའི་ཞུ་ཡིག་མིང་རྟགས་འབྱར་མ་དགའ་ལྡན་ཕོ་བྲང་ཡིག་ཚང་བརྒྱུད་ཕུལ་འབྱོར་བྱུང་བའི་ནང་། སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་གསར་འཛུགས་མ་ཐུབ་པའི་བྱུང་རྐྱེན་འགྲེལ་བརྗོད་རིང་པོ་དང་མཉམ་ངོས་ནས་བླང་དོར་སློབ་སྟོན་དགོས་པའི་རེ་སྐུལ་ནན་པོ་བྱས་འདུག་པ་འདིའི་ཐད། ཀུན་གྱིས་ཤེས་གསལ། ཁོ་བོར་གཞོན་ནུའི་དུས་ནས་བོད་གཞུང་གི་སྒྲིག་འཛུགས་དང་ཆབ་སྲིད་ཀྱི་ལམ་སྲོལ་དེང་རབས་མང་གཙོའི་ལམ་དུ་བསྒྱུར་རྒྱུ་དུས་ཀྱི་དགོས་མཁོར་མཐོང་བའི་ཡིད་འདུན་ཡོད་པ་བཞིན་ཆབ་སྲིད་ཀྱི་མངའ་དབང་བདག་གིར་བྱས་པ་ནས་བཟུང་། ལེགས་བཅོས་ཚོགས་འདུ་གསར་འཛུགས་སོགས་རྩོལ་བ་ཇི་སྙེད་ཅིག་བྱས་རུང་རྒྱ་དམར་གྱི་བཙན་ཤུགས་འོག་དོན་འཁེལ་མ་བྱུང་། བཙན་བྱོལ་དུ་འབྱོར་འཕྲལ་སྒྲིག་འཛུགས་བསྐྱར་བཅོས་དང་། སྤྱི་འཐུས་གསར་འཛུགས། མ་འོངས་རྩ་ཁྲིམས་ཟིན་བྲིས་གསལ་བསྒྲགས་སོགས་ཐབས་བརྒྱ་བྱུས་སྟོང་གིས་ལས་ཀྱི་སྣེ་མོ་བ་དང་གཞི་རིམ་མང་ཚོགས་སུ་མང་གཙོའི་གོ་རྟོགས་དང་གོམས་གཤིས་སྤེལ་ཐབས་རྒྱུན་སྐྱོང་གིས་མཐར་ཕྱི་ལོ་ ༡༩༩༡ ལོར་སྤྱི་ལྷན་ཁྲིམས་བཟོ་ལྷན་ཚོགས་སུ་བསྒྱུར་ཏེ་བཙན་བྱོལ་རིང་ལག་བསྟར་ཐུབ་ངེས་ཀྱི་བཅའ་ཁྲིམས་གཏན་ལ་ ཕབ།

ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༢༨ ནས་བཟུང་བོད་མིའི་སྒྲིག་འཛུགས་ངེས་དོན་ཁྲིམས་ཀྱི་དབང་བསྒྱུར་འོག་ཤར་བསྐྱོད་ཀྱིས་མང་གཙོའི་ཀ་བ་གསུམ་ལྗིད་མཉམ་བཏང་འཛིན་གྱི་ལམ་ནས་སྲིད་དབང་བསྐྱང་རྒྱུའི་ཉམས་གསོག་མགོ་འཛུགས་ཀྱིས་ལོ་ངོ་བཅུ་ལྷག་སོང་སྟེ། ཁྲིམས་ཀྱི་དབང་བསྒྱུར་སྲ་བརྟན་ཡིད་ཆེས་འཕེར་བ་བྱུང་མཚམས་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༩ ནས་བཟུང་ངོས་ནས་སྔར་ལམ་བོད་རྒྱལ་ཁབ་དང་གཞུང་གི་གཙོ་འཛིན་གྱི་འགན་དབང་རྒྱུན་སྐྱོང་མ་དགོས་པར་ལོ་ངོ་བརྒྱ་ཕྲག་དུ་མའི་རིང་༧རྒྱལ་དབང་སྐུ་ཕྲེང་ན་རིམ་གྱིས་བསྐྱངས་པའི་བོད་ཀྱི་སྲིད་དབང་ཁྲིམས་བཟོ་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་བཅའ་ཁྲིམས་ཀྱིས་བསྐྱང་རྒྱུའི་གོ་སྐབས་སུ་སོན་པར་དགའ་སྤོབས་དང་འབྲེལ། མང་གཙོའི་ཀ་བ་གསུམ་གའི་སྣེ་མོ་བ་ཡོངས་ཀྱིས་ལས་ཁུར་བླང་སྐབས་ “བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་དང་བློ་གཏད་ཀྱི་ཐོག་ནས་” ཞེས་དམ་འབུལ་བྱ་སྲོལ་ལ་བརྟེན་ཚང་མས་བཅའ་ཁྲིམས་ཀྱི་ཚངས་ཐིག་ལས་མི་བརྒལ་བར་འདྲ་མཉམ་དྲང་བདེན་གྱིས་ཆབ་སྲིད་བསྐྱངས་ཏེ། ༧རྒྱལ་དབང་ན་རིམ་གྱི་དབུ་ཁྲིད་མེད་པའི་སྟོང་ཆ་ནམ་ཡང་མི་མངོན་པའི་གདེང་སྤོབས་བྱས་པ་ཡིན། འོན་ཀྱང་འདི་ལོའི་བྱུང་རིམ་དུ་དེ་ལས་ལྡོག་སྟེ་གནད་དོན་རེ་ཟུང་ལ་དོན་མེད་མཁྲེགས་བཟུང་གིས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཁྲིམས་མཐུན་སྐོང་ཚོགས་མ་ཐུབ་པར་ངོས་རང་བློ་ཕམ་བྱུང་བར་མ་ཟད། བོད་མི་སྤྱི་དང་། ལྷག་པར་གཞིས་བཞུགས་བོད་མི་ལྷག་བསམ་ཅན་རྣམས་ལ་བློ་ཕམ་དང་ཡིད་ཆད་འབྱུང་གཞིར་གྱུར་མོད་བྱ་ཐབས་བྲལ། ད་ཡོད་དཀའ་རྙོག་འདི་དག་སེལ་ཐབས་ཀྱང་བཅའ་ཁྲིམས་སུ་གསལ་ཡོད་པ་ལྟར་ཁྲིམས་ཀྱི་དབང་བསྒྱུར་ངོས་ལེན་བྱས་ན་དཀའ་རྙོག་ཡོང་གཞི་མ་མཆིས། བཅའ་ཁྲིམས་ཀྱི་འབྲུ་དོན་ལག་བསྟར་དཀའ་རིགས་ཡོད་ཚེ་ཁྲིམས་ལུགས་གཞིར་བཟུང་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཐབས་ལམ་ཡོད་བཞིན་པ་དང་། འབྲུ་དོན་འགྲེལ་བརྗོད་བྱེད་སྟངས་ལ་ཐེ་ཚོམ་བྱུང་ན་ཁྲིམས་ལུགས་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་གཏུགས་ཀྱི་ལམ་ནས་བསལ་དགོས། བཅའ་ཁྲིམས་འགྲེལ་བརྗོད་ཀྱི་མཐའ་མའི་འགན་དབང་ཆེས་མཐོའི་ཁྲིམས་ཞིབ་ཁང་ཁོ་ནར་ཡོད།

གནད་དོན་འདི་དག་གཞི་རྩར་བཟུང་སྐབས་ད་ལམ་གྱི་རྙོག་འཛིང་འདིའི་སྐོར་ངོས་ལ་རེ་སྐུལ་བྱ་རྒྱུ་བཅའ་ཁྲིམས་དོན་ཚན་དང་པོའི་ཁྱབ་ཁོངས་སུ་ཡོད་མིན་ཐེ་ཚོམ་དང་། གལ་ཏེ་ངོས་ནས་ལམ་སྟོན་བྱེད་དབང་དུ་བཏང་རུང་བཅའ་ཁྲིམས་ཀྱི་རྒྱ་ལས་བརྒལ་བ་ཞིག་བྱེད་ཐབས་མེད་པ་དངོས་དོན་རེད། ངོས་ཀྱི་བསམ་ཚུལ་འདི་དག་བར་སྐབས་མང་ཚོགས་སུ་ལན་མང་བརྗོད་ཟིན་པས་མ་ཤེས་པ་མེད་རེ་ཡིན་མོད། ད་དུང་ངོས་ལ་ལམ་སྟོན་ཁ་གསལ་དགོས་པའི་རེ་འདུན་ཡོད་ན་གཤམ་གསལ།

༡། སྐབས་བཅུ་བདུན་པའི་གྲོས་ཚོགས་ཆེད་དབུས་འོས་བསྡུ་ལས་ཁང་གིས་ཁྲིམས་མཐུན་འོས་བསྡུ་བྱས་ཏེ་ཁུངས་སོ་སོའི་སྤྱི་འཐུས་འོས་ཐོན་པར་གསལ་བསྒྲགས་ཟིན་པ་ཚང་མས་བཅའ་ཁྲིམས་ཀྱི་འབྲུ་དོན་གཞིར་བཟུང་དམ་འབུལ་བྱ་རྒྱུ།

༢། དེ་ལྟར་མ་བྱུང་ཚེ་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་གང་མྱུར་ལོངས་ཆེད་འོས་བསྡུ་ལས་ཁང་ནས་བཅའ་ཁྲིམས་གཞིར་བཟུང་བྱེད་སྒོ་གང་ཡོད་ལག་བསྟར་བྱ་རྒྱུ་བཅས་ཡིད་འཇགས་གྱིས། ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མས། ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༦ ལ།།