བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་སྐུ་གྲོངས་འདུག

དེ་རིང་ཞོགས་པར་བོད་ནང་གི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་དང་རྩོམ་པ་པོ་དེ་བཞིན་གློག་བརྙན་སྒྲིག་བཟོ་བ་པདྨ་ཚེ་བརྟན་ལགས་དགུང་ལོ་༥༤ ཐོག་བོད་དབུས་ཕྱོགས་སུ་སྐུ་གྲོངས་ཡོད་འདུག
བོད་ནང་གི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། བོད་པའི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་དེ་རིང་ཞོགས་པར་དབུས་ཕྱོགས་སུ་(གྲོངས་ས་ལྷ་ས་དང་གཞིས་ཀ་རྩེ་སོགས་བཤད་ཚུལ་མི་འདྲ་བ་འདུག) སྐུ་གྲོངས་ཡོད་འདུག་ལ། ཁོང་གྲོངས་རྐྱེན་སྤྱི་སྒེར་གྱི་བརྒྱུད་ལམ་མང་པོ་ཞིག་ནས་སྙིང་ནད་ཀྱིས་ཡིན་ཚུལ་དང་ཡང་ཁ་ཤས་ཀྱིས་ལ་དུག་ཕོག་པ་སོགས་བརྗོད་ཚུལ་མི་འདྲ་བ་འདུག་མོད། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་གསལ་བསྒྲགས་སྤེལ་བ་ཞེས་པའི་ནང་ཁོང་ལ་སྙུན་གཞི་ཚབ་ཆེན་ཞིག་ཕོག་རྐྱེན་སྨན་ཁང་དུ་བསྐྱལ་ཡང་དྲག་སྐྱེད་མ་བྱུང་བར་གྲོངས་ཡོད་པ་དང་ནང་མི་ལྷན་དུ་མཆོད་འབུལ་བྱ་རྒྱུ་ཡིན་ཚུལ་བཀོད་ཡོད་འདུག་ཀྱང་གྲོངས་རྐྱེན་གསལ་ཁ་མི་འདུག ད་བར་བོད་ནང་དུ་བོད་ཀྱི་གྲགས་ཅན་མི་སྣ་མང་པོ་གྲོངས་རྐྱེན་གསལ་ཁ་མེད་པར་གྲོངས་ཡོད་པས། དེ་རིང་ཡང་བོད་པ་མང་པོས་ཁོང་གི་གྲོངས་རྐྱེན་ལ་སེམས་འཚབ་བྱེད་བཞིན་འདུག
པདྨ་ཚེ་བརྟན་ལགས་ནི་༡༩༦༩ ཟླ་༡༢ པར་མདོ་སྨད་ཁྲི་ཀའི་ཡུལ་དུ་འཁྲུངས་ཤིང་། རྩོམ་རིག་རབ་འབྱམས་པས་མཚོན་པའི་སློབ་སྦྱོང་གི་བསླབ་གནས་ཡོད་ཅིང་། གློག་བརྙན་འཁྲབ་ཁྲིད་པ་དང་རྩོམ་པ་པོ་དེ་བཞིན་གློག་བརྙན་སྒྲིག་བཟོ་བ་བཅས་ཡིན་འདུག ད་བར་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ཁོང་གི་རྩོམ་རིག་བརྩམས་ཆོས་ལྔ་བཅུ་ལྷག་དང་བསྒྱུར་རྩོམ་བཅུ་ལྷག་ཡོད་འདུག་ལ། དེ་དག་ལས་པར་དུ་བསྐྲུན་པའི་སྒྲུང་གཏམ་རིང་གྲས། རྗེ་བླ་མ་བོད་ལྗོངས་སུ་བཞུགས་དུས། མཉམ་རྩོམ། བསླུ་བྲིད། གྲོང་ཁྱེར་གྱི་འཚོ་བ། ཐར་ལོ། པདྨ་ཚེ་བརྟན་གྱི་བརྩམས་སྒྲུང་། ཨོ་རྒྱན་གྱི་སོ། གཏམ་རྒྱུད་བཤད་འཕྲོར་ལུས་སོགས་དང་། མི་རོའི་རྩེ་སྒྲུང་དང་མི་ཚེའི་གླུ་དབྱངས་སོགས་བསྒྱུར་རྩོམ་ཁག་ཅིག་ཀྱང་ཡོད་འདུག སྦྲང་ཆར་རྩོམ་རིག་གི་བྱ་དགའ་དང་ཀྲུང་འགོའི་དེང་རབས་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་པའི་ཕུལ་བྱུང་བྱ་དགའ་སོགས་ཐོབ་འདུག་པ་དང་། དེ་བཞིན་བརྩམས་ཆོས་ཁ་ཤས་དབྱིན་ཇི་དང་ཉི་ཧོང་སོགས་ཀྱི་སྐད་དུ་བསྒྱུར་ཡོད་འདུག ༢༠༠༢ ནས་ཁོང་གིས་གློག་བརྙན་ཕབ་བསྐྲུན་བྱེད་འགོ་བཙུགས་ཤིང་གློག་བརྙན་ཐོག་མ་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་ཞེས་པའི་གློག་བརྙན་ཐུང་ངུ་ཞིག་ཡིན་ཞིང་། དེ་ནས་བཟུང་རྩྭ་ཐང་དང་ཆེས་མཐའ་མཇུག་གི་སེར་སྲུང་བ་སོགས་གློག་བརྙན་ཐུང་གྲས་རིགས་དང་། གཞན་ཡང་དངོས་བཤུས་གློག་བརྙན་ཀ་ཐོག་སྨོན་ལམ་ཆེན་མོ། དང་མུ་འབྲེལ་གློག་བརྙན་བསམ་ཡས་དགོན་བཅས་ཡོད་འདུག ༢༠༠༨ ནས་བཟུང་། ཁོང་གིས་བོད་སྐད་གློག་བརྙན་འཚོལ་དང་ཁྱི་རྒན། གཡང་མདའ། ཐར་ལོ། ལག་དམར། དབུགས་ལྒང་། གསའ། སིང་སྤང་བཀྲ་སོགས་ཕབ་བསྐྲུན་བྱས་ཡོད་པ་དང་། དེའི་ནང་ནས་གློག་བརྙན་གྲགས་ཅན་ཐར་ལོ་གཙོས་པའི་གློག་བརྙན་ཁ་ཤས་ལ་རྒྱལ་སྤྱིའི་བྱ་དགའ་སོགས་བྱ་དགའ་རིམ་པ་མང་པོ་ཐོབ་ཡོད་འདུག
གསར་འགོད་པ་བསྟན་འཛིན་ལམ་བཟང་།