གྷ་ཛའི་གནད་དོན་དང་འབྲེལ་ནས་འཛམ་གླིང་རྒྱལ་ཚོགས་ཀྱིས་ཨི་སི་རེལ་ལ་སྐྱོན་བརྗོད་དང་གནོན་ཤུགས་ཆེན་པོ་སླེབ་ཀྱི་ཡོད་འདུག 

ཨི་སི་རེལ་གཞུང་གིས་གྷ་ཛ་གྲོང་ཁྱེར་ཡོངས་སུ་དབང་བསྒྱུར་བྱེད་རྒྱུ་དེ་ཉེ་ཆར་ཨི་སི་རེལ་ཆེས་མཐོའི་བདེ་འཇགས་ལྷན་ཚོགས་ནས་ཐག་གཅོད་བྱུང་ཡོད་འདུག་པ་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཀྱི་ཐོག་ནས་ཨི་སི་རེལ་ལ་འཛམ་གླིང་གི་རྒྱལ་ཁབ་མང་པོས་སྐྱོན་བརྗོད་དང་གནོན་ཤུགས་ཆེན་པོ་སླེབ་ཀྱི་ཡོད་འདུག 

ཕྱི་ཚེས་༩  ཉིན་བྷི་བྷི་སིའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་ཨི་སི་རེལ་གྱི་ཆེས་མཐོའི་བདེ་འཇགས་ལྷན་ཚོགས་ཀྱིས་གཞུང་ལ་གྷ་ཛ་དབང་བསྒྱུར་རྒྱུའི་ཆོག་མཆན་སྤྲད་ཡོད་པ་དང་། དེ་ཡང་གྷ་ཛའི་ནང་ཡོད་པའི་གྲོང་ཁྱེར་ཆེ་ཁག་དག་ཨི་སི་རེལ་གྱིས་དབང་བསྒྱུར་བྱེད་རྒྱུ་དང་། གནད་དོན་དེའི་ཐད་དབང་བསྒྱུར་བྱེད་སྟངས་དང་དམག་འཁྲུག་མཚམས་འཇོག་བྱེད་ཐབས་སུ་དོན་ཚན་འགའ་ཤས་བཏོན་འདུག དང་པོ། གྷ་ཛའི་ནང་ཧ་མ་སིའི་དམག་གི་དབང་བསྒྱུར་མེད་པ་བཟོ་རྒྱུ། གཉིས་པ། ཨི་སི་རེལ་གྱི་མི་སེར་བཙན་ཁྲིད་བྱས་པ་དག་གློད་བཀྲོལ་གཏོང་རྒྱུ། གྷ་ཛ་ཡོངས་རྫོགས་ནང་དུ་ཉེན་ཁའི་རིགས་མེད་པ་བཟོ་རྒྱུ་དང་ས་ཁུལ་ཡོངས་རྫོགས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་རྒྱུ། མཐའ་མ་ཧ་མ་སི་དང་། པ་སི་སི་ཐན་གཉིས་ཀྱི་དབང་བསྒྱུར་མེད་པའི་མི་མང་གི་གཞུང་ཞིག་གསར་འཛུགས་བྱེད་རྒྱུ་བཅས་བརྗོད་འདུག ད་དུང་པ་ལི་སི་ཐན་གྱི་མི་མང་ས་ཡ་གཅིག་ལྷག་ལྷོ་གྷ་ཛའི་ཕྱོགས་སུ་གནས་སྤོ་འཇུག་རྒྱུ་དང་། སྐྱབས་བཅོལ་བ་གནས་སྡོད་ཡོངས་རྫོགས་དབང་བསྒྱུར་བྱེད་རྒྱུ་ཡིན་པར་བརྗོད་འདུག རྒྱུ་མཚན་ནི་སྐྱབས་བཅོལ་བའི་མི་མང་སྡོད་གནས་ཁྲོད་བཙན་ཁྲིད་བྱས་པའི་ཨི་སི་རེལ་གྱི་མི་མང་དག་སྦས་པའམ་བསྐུངས་ཡོད་པར་བརྗོད་འདུག ཡིག་ཆ་དེ་དག་ཕྱིར་བཀྲམས་རྗེས་འཛམ་གླིང་རྒྱལ་ཁབ་མང་པོས་སྐྱོན་བརྗོད་དང་། གནོན་ཤུགས་ཆེན་པོ་སླེབ་བཞིན་ཡོད་འདུག 

གནད་དོན་དེའི་ཐོག་ཨི་སི་རེལ་རྒྱལ་ཁབ་ཀྱི་ཕྱོགས་འགལ་སྲིད་དོན་ཚོགས་པ་ནས་སྐྱོན་བརྗོད་དང་ངོ་རྒོལ་ཆེན་པོ་བྱེད་ཀྱི་ཡོད་འདུག་ལ། དམིགས་བསལ་བཙན་ཁྲིད་བྱས་པའི་ཨི་སི་རེལ་གྱི་མི་མང་ཚོའི་སྤུན་མཆེད་དག་གིས་སྐྱོན་བརྗོད་དང་། གལ་སྲིད་བྱ་སྤྱོད་དེ་ལྟར་སྤེལ་ཚེ་བཙན་འོག་ཏུ་ཡོད་པའི་ཨི་སི་རེལ་མི་མང་དག་གི་ཚེ་སྲོག་འཆོར་རྒྱུའི་ཉེན་ཁ་ཆེ་རུ་འགྲོ་རྒྱུ་ཡིན་པར་རྗོད་ཀྱི་ཡོད་འདུག ཧ་མ་སི་ཡིས་གལ་སྲིད་ཨི་སི་རེལ་གྱིས་གྷ་ཛའི་གྲོང་ཁྱེར་ཁག་ནང་དབང་བསྒྱུར་ཚེ། མ་འོངས་པར་དེ་ལས་མཇུག་འབྲས་ངན་པ་དང་དམག་འཁྲུག་གི་ཉེས་པ་ཕོག་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་དབྱིན་ཡུལ་དང་། ཇར་མན། ཨི་ཊ་ལི། ནིའུ་ཛི་ལན་ཌི། ཨོ་སོ་ཊོ་ལི་ཡ་བཅས་ཀྱི་ཕྱི་སྲིད་བློན་ཆེན་རྣམ་པས་མཉམ་འབྲེལ་ཐོག་ནས་བསྒྲགས་གཏམ་ཞིག་སྤེལ་འདུག་པས། བསྒྲགས་གཏམ་དེའི་ནང་ཨི་སི་རེལ་གྱིས་གྷ་ཛ་དབང་བསྒྱུར་བྱེད་རྒྱུའི་འཆར་གཞི་དེ་ནི་ཧ་ཅང་གིས་ཉེན་ཚབས་ཆེན་པོ་ཡིན་པ་དང་། སྔར་ལས་ལྷག་པའི་གོད་ཆག་ཆེན་པོ་ཞིག་ཡོང་རྒྱུའི་ཉེན་ཁ་ཡོད་པར་བརྗོད་འདུག དེ་བཞིན་གཞན་གྱི་ས་ཆ་དབང་བསྒྱུར་བྱེད་པ་ནི་རྒྱལ་སྤྱིའི་ཁྲིམས་དང་འགལ་གྱི་ཡོད་པར་བརྗོད་འདུག

 ཁ་སང་གཟའ་ཉི་མའི་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཀྱི་ཛ་དྲག་ཚོགས་འདུའི་ཐོག་ཏུ། འཛམ་གླིང་གི་རྒྱལ་ཁབ་ཧ་ཅང་མང་པོའི་སྐུ་ཚབ་ཚོས་ད་ལྟའི་གྷ་ཛའི་ནང་གི་གནས་སྟངས་དང་འབྲེལ་ནས་སྐྱོན་བརྗོད་དང་གནོན་ཤུགས་ཆེན་པོ་སླེབས་ཡོད་འདུག་ལ། དེ་བཞིན་ཡོ་རོབ་རྒྱལ་ཁབ་ཧྥ་རན་སི་གཙོས་པའི་དབྱིན་ཡུལ་བཅས་ནས་ཨི་སི་རེལ་གྱིས་རྒྱལ་སྤྱིའི་ཁྲིམས་དང་འགལ་རྒྱུའི་ཉེན་ཁ་ཡོད་པའི་ཉེན་བརྡ་བཏང་འདུག ཡང་རྒྱལ་ཁབ་གྷི་རི་སི་དང་ཌེན་མག་སོགས་རྒྱལ་ཁབ་མང་པོ་ཞིག་གིས་ཨི་སི་རེལ་གྱིས་ཐག་གཅོད་དེ་ཕྱིར་འཐེན་བྱེད་དགོས་པ་དང་། གལ་སྲིད་ཕྱིར་འཐེན་མ་བྱས་ཚེ་བཙན་ཁྲིད་བྱས་པའི་ཨི་སི་རེལ་གྱི་མི་མང་ཚོའི་སྲོག་འཆོར་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་ལས་སྲུང་སྐྱོབ་བྱེད་ཐུབ་ཀྱི་མ་རེད་ཅེས་བརྗོད་འདུག 

ཡང་རྒྱ་ནག་དང་ཨུ་རུ་སུ་གཙོས་པའི་རྒྱལ་ཁབ་གཞན་ཁག་ཅིག་གིས་ཨི་སི་རེལ་གྱིས་གྷ་ཛའི་མི་མང་རྣམས་ལ་སྡུག་པོ་དེ་འདྲ་གཏོང་བཞིན་པ་ནི་བཟོད་དཀའ་བ་ཞིག་ཡིན་པ་དང་། འཕྲལ་དུ་མཚམས་འཇོག་མ་བྱས་ཚེ་མ་འོངས་པར་དམག་འཁྲུག་རྒྱ་སྐྱེད་ཕྱིན་ནས་ཚོད་འཛིན་མི་ཐུབ་པ་ཆགས་རྒྱུའི་ཉེན་ཁ་ཡོད་པར་བརྗོད་འདུག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ད་ལྟ་གྷ་ཛའི་ནང་དངོས་སུ་བཀྲེས་སྐོམ་གྱིས་མི་མང་སྟོང་ཚོ་མང་པོ་ཞིག་སྡུག་གིས་མནར་བཞིན་ཡོད་པ་དང་། གལ་སྲིད་ཨི་སི་རེལ་གྱིས་བསྐྱར་དུ་བྱ་སྤྱོད་སྤེལ་ཚེ་བསམ་ཡུལ་ལས་འདས་པའི་དཀའ་ངལ་དང་མི་མང་སྟོང་ཚོ་མང་པོ་ཞིག་གནས་གཞན་ལ་སྤོ་དགོས་འབྱུང་བ། མི་མང་སྟོང་ཚོ་མང་པོ་འཆི་སྐྱོན་ཡོང་རྒྱུའི་ཉེན་ཁ་ཡོད་པར་བརྗོད་འདུག་ཀྱང་། ཨ་རིའི་སྐུ་ཚབ་(Dorothy Shea)ཡིས་ཨ་རིའི་ངོས་ནས་དཀའ་ངལ་དུ་མ་ལ་གདོང་ལེན་བྱས་ནས་དམག་འཁྲུག་དེ་མཚམས་འཇོག་ཡོང་ཐབས་བྱེད་ཀྱི་ཡོད་ཀྱང་། རྒྱལ་ཁབ་མང་པོ་ཞིག་ནས་ཨི་སི་རེལ་གྱི་མི་མང་ཧ་མ་སི་ཡིས་བཙན་ཁྲིད་བྱས་པ་དག་གློད་བཀྲོལ་ཡོང་ཐབས་ལ་འགོག་རྐྱེན་བཟོ་ཐབས་བྱེད་བཞིན་ཡོད་ཚུལ་བརྗོད་ནས་སྐྱོན་བརྗོད་བྱས་འདུག་ལ། ཚོད་དཔག་བྱས་ན་ཨི་སི་རེལ་གྱི་མི་ད་དུང་༢༠ ཙམ་ཧ་མ་སིའི་ལག་ཏུ་ཡོད་པར་བརྗོད་འདུག དེ་བཞིན་ཨ་རིས་ཨི་སི་རེལ་གྱིས་གྷ་ཛའི་ནང་མི་རིགས་སྡེབས་གསོད་བྱེད་བཞིན་ཡོད་ཚུལ་བརྗོད་པ་ནི་བདེན་པ་མ་རེད་ཅེས་བརྗོད་འདུག 

ཨི་སི་རེལ་གྱི་སྲིད་བློན་(Netanyahu)ནས་གཟའ་ཉི་མའི་ཉིན་ཨ་རིའི་སྲིད་འཛིན་ཊོམ་དང་གོ་བསྡུར་བྱས་ཡོད་པ་དང་། ད་ཆར་ཨི་སི་རེལ་གྱིས་དམིགས་བསལ་དམག་སྡེ་ལ་བཀོད་སྒྲིག་བྱས་ཟིན་ཞིང་། ཧ་མ་སི་གཙོ་བོ་གནས་སྡོད་བྱེད་ཡུལ་གྷ་ཛའི་གྲོང་ཁྱེར་དང་། (al-Mawasi)ཟེར་བའི་གྲོང་ཁྱེར་གཉིས་གཙོ་བོ་ཡིན་པས། གྲོང་ཁྱེར་དེ་གཉིས་དབང་བསྒྱུར་གཙོ་བོ་བྱེད་རྒྱུ་ཡིན་པར་བརྗོད་འདུག་ལ། དེ་རྗེས་གྷ་ཛའི་ས་ཁུལ་ཁག་ཏུ་ཕྱིའི་རོགས་རམ་རྣམས་ཡོང་འཇུག་རྒྱུ་ཡིན་པར་བརྗོད་འདུག གཙོ་བོ་(US and Israeli-backed Gazan Humanitarian Foundation (GHF)ཨ་རི་དང་ཨི་སི་རེལ་གཉིས་ཀྱིས་རོགས་རམ་ཚོགས་པ་འདིའི་བརྒྱུད་ནས་གྷ་ཛའི་ནང་ཡོད་པའི་མི་མང་རྣམས་ལ་རོགས་རམ་སྤྲོད་རྒྱུ་ཡིན་པར་བརྗོད་འདུག 

ཕྱི་ལོ་༢༠༢༣ ཟླ་བ་༡༠ ཚེས་༧ ཉིན་གྷ་ཛའི་ནང་དམག་འཁྲུག་བྱུང་བ་ནས་བཟུང་ད་བར་སི་ཐན་གྱི་མི་མང་ཁྱོན་༦༡༠༠༠ ཙམ་བསད་ཡོད་འདུག་ཅིང་། ཨི་སི་རེལ་གྱི་མི་མང་༢༥༡ བཙན་ཁྲིད་བྱས་ནས་མི་མང་པོ་ཞིག་གློད་དཀྲོལ་ཐོབ་ཡོད་འདུག་ལ། ཡང་མང་པོ་ཞིག་གི་སྲོག་ཤོར་ཡོད་འདུག འོན་ཀྱང་། ད་དུང་ཨི་སི་རེལ་གྱི་མི་མང་༢༠ ཙམ་ཧ་མ་སི་དྲག་སྤྱོད་པའི་ལག་ནང་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།