གྷན་རྡི་མཆོག་གི་བསླབ་བྱ་དང་སྐུ་ཚེའི་ལོ་རྒྱུས་ལ་མིག་དཔེ་ལེན་དགོས་སྐོར་གསུངས་སོང་།

ཟླ་༡༠ པའི་ཚེས་༢ ཉིན་གྷན་རྡི་མཆོག་གི་འཁྲུངས་སྐར་ཡིན་པས། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་མདུན་ཐང་དུ་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་དང་བཀའ་བློན་རྣམ་པ། དྲུང་ཆེ་རྣམ་པ་དང་མཛད་གཙོ་རྣམས་ཚང་འཛོམས་ཐོག དམ་པ་ཁོང་གི་འཁྲུངས་སྐར་སྲུང་བརྩི་གནང་སོང་།

སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་གསར་འགོད་པ་ཚོར་། “དེ་རིང་རྒྱ་གར་གྱི་མེས་པོ་དམ་པ། སེམས་དཔའ་ཆེན་པོ་གྷན་རྡི་མཆོག་གི་འཁྲུངས་སྐར་ལ། བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ངོས་ནས་རྒྱ་གར་གཞུང་དམངས་གཉིས་དང་བོད་མི་གཞིས་བྱེས་གཉིས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། མེས་པོ་དམ་པ་གྷན་རྡི་མཆོག་ལ་གུས་འདུད་དང་ཆེ་བསྟོད་ཞུ་རྒྱུ་ཡིན། འཛམ་བུ་གླིང་འདིར་གྷན་རྡི་མཆོག་གི་ཤུལ་བཞག་གཙོ་བོ་དེ་འཚེ་བ་མེད་པའི་ལྟ་གྲུབ་དང་བདེན་པ་སོགས་ཡིན་པ་དང་། དེ་དག་གིས་ཁྱད་དུ་འཕགས་པའི་བསླབ་བྱ་བཟང་པོ་ཞིག་བསྐྲུན་ནས། དེང་སང་འཛམ་བུ་གླིང་གང་སར་ཕན་ཐོགས་ཡོང་དང་ཡོང་བཞིན་པ་རེད། ང་ཚོ་བོད་པ་ཚོས་བསླབ་བྱ་དེ་དག་ལག་བསྟར་གང་ཡོང་གནང་བཞིན་པ་རེད། དེ་འདྲ་ཡིན་པས་གྷན་རྡི་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་སྟངས་དེ་ཁོང་གི་བསླབ་བྱ་བཟང་པོ་དང་སྐུ་ཚེའི་ལོ་རྒྱུས་ལ་མིག་དཔེ་ལེན་དགོས་པ་རེད།”ཅེས་གསུངས་སོང་།

རྒྱ་ནག་ལ་བརྡ་ལན་ཡོད་མེད་དྲིས་སྐབས། ཁོང་གིས་རྒྱ་ནག་ཚུད་པའི་སྟོབས་ཆེན་རྒྱལ་ཁབ་སུ་ཡིན་ཡང་། འཚེ་མེད་ཞི་བ་དང་བདེན་པའི་ལམ་ལ་འགྲོ་དགོས་རྒྱུ་གལ་ཆེན་ཡིན་པ་དང་། འཚེ་བ་དང་དྲག་པོའི་སྟོབས་ཀྱི་ལམ་དུ་འགྲོ་རྒྱུའི་དུས་ཚོད་ཡོལ་ཟིན་སྐོར་གསུངས་སོང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ།