ངའི་ཁྱོ་ག་དམར་གསོད་བཏང་བ་དེ་ངའི་པ་ལགས་ཀྱི་བཀའ་རེད།
རིགས་རུས་དམན་པའི་བུ་ཞིག་དང་། རིགས་རུས་མཐོ་བའི་བུ་མོ་ཞིག་གཉེན་སྒྲིག་བྱས་པ་ནི། རིགས་རུས་མཐོ་བའི་ཁྱིམ་ཚང་ལ་མིང་ཆད་ཡིན་པར་ངོས་འཛིན་ཐོག རིགས་རུས་མཐོ་བའི་ཁྱིམ་ཚང་གི་པ་ལགས་ཀྱིས་རང་གི་བུ་མོའི་ཁྱོ་ག་དམར་གསོད་བཏང་ཡོད་འདུག
ཟླ་འདིའི་ཕྱི་ཚེས་༢༡ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་ཏྲེ་ལན་གྷ་ན་(Telangana) མངའ་སྡེ་ནས་ཡིན་པའི་རིགས་རུས་དམན་པའི་ཁྱིམ་ཚང་ཞིག་གི་བུ་ཞིག་དང་། རིགས་རུས་མཐོ་བའི་ཁྱིམ་ཚང་ཞིག་གི་བུ་མོ་ཞིག་གཉེན་སྒྲིག་བྱས་སྟབས། བུ་མོའི་ནང་མིས་དེ་ངོས་ལེན་གཏན་ནས་མ་བྱས་ནས། མཐར་བུ་མོའི་པ་ལགས་ཀྱིས་ལྐོག་ཇུས་བཏིང་ནས་བུ་དེ་དམར་གསོད་བཏང་ཡོད་འདུག་ཅིང་། ད་ལྟའི་ཆར་བུ་མོའི་པ་ལགས་དེ་ངན་ཇུས་བཏིང་པའི་ཉེས་མིང་གི་ཐོག་ནས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག
དམར་གསོད་བཏང་བའི་བུ་དེའི་མིང་ལ་པི་ར་ནེ་དང་ལོ་༢༤ ཡིན་འདུག་པ་དང་། ཁོང་གི་བཟའ་ཟླའི་མིང་ལ་ཨམ་རུ་ཐ་དང་ལོ་༢༡ ཡིན་འདུག་ཅིང་། ཁོང་གཉིས་མཐོ་འབྲིང་སློབ་གྲྭའི་སྐབས་ནས་ཕན་ཚུན་ལ་བརྩེ་བ་ཆགས་ནས། བུ་མོའི་ཕ་མ་གཉིས་ཀྱིས་མོས་མཐུན་བྱས་མིན་ལ་མ་ལྟོས་པར་མཐར་གཉེན་སྒྲིག་བྱས་ཡོད་འདུག་པ་དང་། ད་ལྟའི་ཆར་བུ་མོའི་མངལ་དུ་ཟླ་ངོ་༥ ལ་སོན་པའི་བྱིས་པ་ཞིག་ཀྱང་ཡོད་འདུག
དེ་ཡང་དམར་གསོད་དོན་རྐྱེན་གྱི་གནས་ཚུལ་བྱུང་བའི་ཉིན་མོ་ནི་ཟླ་འདིའི་ཕྱི་ཚེས་༡༦ ཉིན་ཡིན་འདུག་ཅིང་། ཉིན་དེར་བུ་མོ་མལ་ལས་ལངས་སྐབས་སྒལ་གཞུང་ལ་ཟ་འཕྲུག་ལངས་སྟབས་མོ་རང་གི་ཁྱོ་ག་དང་། ཁྱོ་གའི་ཨ་མ་གསུམ་སྨན་ཁང་དུ་བསྐྱོད་ནས་ཚུར་ལོག་སྐབས། བུ་མོ་དང་ཁྱོ་གའི་ཨ་མ་གཉིས་གོམ་པ་ཁ་ཤས་མདུན་དུ་ཡོང་གི་ཡོད་འདུག་ཅིང་། སྐབས་དེར་བུ་མོས་གོམ་པ་ཁ་ཤས་ཀྱི་རྒྱབ་ཏུ་ཡོང་བཞིན་པའི་རང་གི་ཁྱོ་གར་དྲི་བ་ཞིག་དྲིས་པར་ལན་རྒྱག་མཁན་མ་བྱུང་དུས་བུ་མོ་ཁ་ཕྱིར་འཁོར་ནས་བལྟ་དུས་རང་གི་ཁྱོ་ག་ཐང་སྟེང་དུ་འགྱེལ་ཡོད་པ་མཐོང་ཡོད་འདུག སྨན་ཁང་གི་ཕྱི་རོལ་ཏུ་ཡོད་པའི་སོ་ལྟའི་བརྙན་འཕྲིན་བརྒྱུད་ནས་སྐབས་དེའི་གནས་ཚུལ་ཤེས་རྟོགས་བྱུང་བ་རྣམས་རྒྱ་གར་རྒྱལ་ཡོངས་ཀྱི་བརྙན་འཕྲིན་ཁག་ཏུ་སྤེལ་བའི་ནང་། གནོད་འཚེ་ཕོག་ཡུལ་གྱི་བཟའ་མི་གསུམ་སྨན་ཁང་གི་རྒྱལ་སྒོ་ནས་ཕྱི་རོལ་དུ་ཐོན་སྐབས་མི་ཞིག་གིས་རྗེས་འདེད་བྱས་ནས་ཐོག་མར་པི་ར་ནེའི་གཟུགས་པོའི་ཁོག་སྟོད་དུ་སྟ་རེ་ཐེངས་གཅིག་བརྒྱབས་ནས་པི་ར་ནེ་འགྱེལ་ཡོད་པ་དང་། ཡང་བསྐྱར་སྟ་རེ་ཐེངས་གཅིག་བརྒྱབས་པ་མཐོང་རྒྱུ་ཡོད་འདུག
ད་ལྟའི་ཆར་ཉེན་རྟོག་པས་དམར་གསོད་དོན་རྐྱེན་གྱི་གནས་ཚུལ་དེ་དང་འབྲེལ་ནས་བུ་མོའི་པ་ལགས་མ་རུ་ཊི་རེའོ་དང་། ཁོང་གི་སྤུན་མཆེད། གཞན་མི་༥ བཅས་འཛིན་བཟུང་བྱས་ཡོད་འདུག་ཅིང་། རྫོང་ཉེན་རྟོག་དཔོན་གྱིས་གསར་འགོད་པ་རྣམས་ལ་མ་རུ་ཊི་རེའོ་ཡིས་ཁོ་རང་གི་སྤུན་མཆེད་དང་གཞན་མི་གཉིས་བཅས་ལ་པི་ར་ནེ་གསོད་མཁན་གླ་རྒྱུའི་རེ་བ་བརྒྱབ་ཡོད་པ་དང་། གསོད་གླ་ཁྱོན་བསྡོམས་ཧིན་སྒོར་ས་ཡ་༡༠ སྤྲད་ཡོད་སྲིད་པའི་གནས་ཚུལ་ཡོད་སྐོར་བརྗོད་འདུག་པ་མ་ཟད། མ་རུ་ཊི་རེའོ་ནས་ཁོའི་བུ་མོའི་ཁྱོ་ག་རིགས་རུས་དམན་པ་དང་། ཁྱིམ་ཚང་སྐྱོ་པོ་ནས་ཡིན་སྟབས་དམར་གསོད་གཏང་རྒྱུའི་ཇུས་བཏིང་ཡོད་པ་ངོས་ལེན་བྱས་སྐོར་ཡང་ཉེན་རྟོག་པས་བརྗོད་ཡོད་འདུག འོན་ཀྱང་། བུ་མོའི་པ་ལགས་མ་རུ་ཊིའི་ཁྲིམས་རྩོད་པས་ཉེས་འཛུགས་དེའི་སྐོར་བུ་མོའི་པ་ལགས་ཀྱིས་ད་བར་གང་ཡང་བཤད་མེད་སྐོར་བརྗོད་ཡོད་འདུག
དེ་ཡང་གནས་ཚུལ་དེའི་བརྒྱུད་རིམ་ནི། པི་ར་ནེ་དང་ཨམ་རུ་ཐ་གཉིས་ཆུང་དུས་བརྩེ་བ་ཆགས་ཡོད་པ་དང་། ཨམ་རུ་ཐའི་ནང་མིས་གནས་ཚུལ་དེ་ཤེས་རྗེས་བཀག་འགོག་ཤུགས་དྲག་བྱས་ཏེ་ཨམ་རུ་ཐ་མཚམས་རེར་སྒོ་ལྕགས་བརྒྱབ་ནས་ཁང་པའི་ནང་བཅུག་པ་དང་། ཁ་པར་གྱི་འབྲེལ་ལམ་བཅད་པ་སོགས་ཀྱི་གནས་ཚུལ་མང་པོ་བྱུང་ཡོད་འདུག་ཀྱང་། པི་ར་ནེ་དང་ཨམ་རུ་ཐ་གཉིས་ཀྱི་བརྩེ་བར་བར་དུ་གཅོད་མ་ཐུབ་པར། མཐར་རིགས་རུས་མཐོ་བའི་ཁྱིམ་ཚང་གི་བུ་མོ་ཨམ་རུ་ཐ་རིགས་རུས་དམན་པའི་ཁྱིམ་ཚང་གི་བུ་པི་ར་ནེའི་མནའ་མར་བྲོས་ནས་སླེབས་ཡོད་པ་དང་། འདི་ལོར་མོ་རང་གི་མངལ་དུ་ཕྲུ་གུ་འཁོར་རྗེས་གནས་ཚུལ་དེ་རང་གི་ཕ་མ་གཉིས་ལ་བརྗོད་ན། དེ་སྔོན་ཕ་མ་གཉིས་ཀྱིས་ངོས་ལེན་མ་བྱས་པའི་གནས་སྟངས་དེ་བཟང་དུ་འགྲོ་རྒྱུར་རེ་བ་བརྒྱབ་ཡོད་འདུག་ཀྱང་། མོ་རང་ཧང་སང་དགོས་པ་ཞིག་ལ་མོའི་པ་ལགས་ཀྱིས་བཤའ་བཅོས་བྱས་ནས་མངལ་ཤོར་འཇུག་དགོས་པའི་རེ་བ་བརྒྱབ་ཡོད་འདུག་པ་མ་ཟད། མཐར་དམར་གསོད་དོན་རྐྱེན་གྱི་གནས་ཚུལ་བསམ་ཡུལ་འདས་པ་འདི་བྱུང་འདུག གནས་ཚུལ་འདི་བྱུང་རྗེས་མོས་“ངའི་ཁྱོ་ག་ང་དང་རིགས་རུས་གཅིག་པ་མིན་སྟབས་ངའི་པ་ལགས་ཀྱིས་ངའི་ཁྱོ་ག་བསད་སོང་”ཞེས་དང་། “ང་ཚོ་རྟག་ཏུ་འཇིགས་སྐྲག་ངང་གནས་ཀྱི་ཡོད་ཀྱང་། པ་ལགས་ཀྱིས་འདི་འདྲའི་བསམ་ནག་བྱེད་ཀྱི་རེད་ནམ་ཡང་བསམ་མ་མྱོང་”ཞེས་དང་། “གནས་ཚུལ་འདི་ངའི་ནང་མི་ཚང་མས་བཟོས་པ་རེད། ང་ཁོང་ཚོའི་སར་ཡང་བསྐྱར་གཏན་ནས་འགྲོ་རྒྱུ་མིན། པི་ར་ནེའི་ཕ་མ་གཉིས་ནི་ད་ལྟ་ངའི་ཕ་མར་གྱུར་ཟིན་པ་རེད་”ཅེས་བརྗོད་ཡོད་འདུག
གཞན་ཡང་ཨམ་རུ་ཐའི་འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད་དུ་མོའི་ཨ་མས་རིགས་རུས་དམན་པའི་ཕྲུ་གུ་རྣམས་དང་གྲོགས་པོ་སྒྲིག་མི་ཆོག་པ་སོགས་རིགས་རུས་དབྱེ་འབྱེད་ཀྱི་གནད་དོན་སྐོར་ཡང་ཡང་དུ་བརྗོད་ཡོད་སྐོར་གྱི་གནས་ཚུལ་ཡང་འདུག
སྤྱིར་བཏང་རྒྱ་གར་ནང་རིགས་རུས་མཐོ་དམན་མི་འདྲ་བ་གཉིས་ལས་སྐྱེས་པའི་བུ་དང་བུ་མོ་གཉེན་སྒྲིག་བྱས་ཚེ། རིགས་རུས་མཐོ་བའི་ཁྱིམ་ཚང་ལ་མཚན་ཤས་ཆགས་ཀྱི་ཡོད་པའི་ཉེས་མིང་གི་ཐོག་ནས་ལོ་ལྟར་མི་ག་ཚོད་ཅིག་ལ་དམར་གསོད་དོན་རྐྱེན་འབྱུང་གི་ཡོད་མེད་ཐད་ཀྱི་གཞུང་འབྲེལ་ཞིབ་འཇུག་གི་གྲུབ་དོན་མེད་འདུག་ཀྱང་། ཞིབ་འཇུག་གཅིག་གི་སྙན་ཐོ་ལྟར་ན་གནད་དོན་འདིའི་ཐོག་ནས་རྒྱ་གར་ནང་ལོ་ལྟར་མི་བརྒྱ་ཕྲག་མང་པོོར་དམར་གསོད་དོན་རྐྱེན་འབྱུང་གི་ཡོད་སྐོར་གྱི་གནས་ཚུལ་འདུག
ད་ཐེངས་ཀྱི་གནས་ཚུལ་འདི་བྱུང་རྗེས་རིགས་རུས་དམན་པའི་ཐོབ་ཐང་རྩོད་མཁན་གྱི་ཚོགས་སྡེ་ཁག་ཅིག་དང་། མང་ཚོགས་རྣམས་འཛོམས་ཏེ་པི་ར་ནེའི་ནང་དུ་ཁོང་གི་འདྲ་པར་བཤམས་ནས་དེའི་མདུན་ན་མེ་ཏོག་བཞག་པ་དང་། མར་མེ་སྤར་བ་སོགས་ཀྱི་སྒོ་ནས་རྒྱབ་སྐྱོར་དང་། གདུང་སེམས་མཉམ་བསྐྱེད་བྱེད་ཀྱི་ཡོད་འདུག་པ་དང་། རིགས་རུས་དབྱེ་འབྱེད་ཀྱི་བྱ་སྤྱོད་ལ་ངོ་རྒོལ་ཡང་བྱས་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།