ངས་གྲྭ་བཞི་བཙོན་ཁང་གི་ཉལ་ཁང་དགུ་པའི་ནང་སྟག་སྣ་འཇིགས་མེད་བཟང་པོ་ཐོག་མར་མཐོང་དུས།
ཆབ་སྲིད་བཙོན་ཟུར་དགའ་ལྡན་བཀྲིས།

1988 ལོའི་ཟླ་བཅུ་གཉིས་པའི་ཟླ་མཇུག་གྲང་ངར་ཤིན་ཏུ་ཆེ་བའི་དགུན་དུས་ཀྱི་ཞོགས་པ་ཞིག་ལ་ང་དང་ངའི་རོགས་པ་མི་གྲངས་19 ལྗོངས་ལྟ་སྲུང་ཁང་ནས་དམག་མིའི་རླངས་འཁོར་ཞིག་གི་ནང་བཅུག་སྟེ་གྲྭ་བཞི་བཙོན་ཁང་དུ་ངལ་རྩོལ་སྒྱུར་བཀོད་བྱེད་པར་སྤོ་བསྐྱལ་བྱས་བྱུང། སྐབས་དེ་དུས་གྲྭ་བཞི་ལ་ཁྱོན་རུ་ཁག་བཞི་འདུག་ཅིང་ང་ཚོ་རུ་ཁག་དེ་དག་ནང་ཁག་བགོས་བྱས་ནས་བཞག་བྱུང་།
ང་ཚོ་ཚང་མ་ནི་1988−3−5 ཉིན་ལྷ་སར་སྨོན་ལམ་ཆེན་མོའི་སྐབས་སུ་ངོ་རྒོལ་རྔམས་སྟོན་བྱས་པའི་རྐྱེན་གྱིས་གསར་བརྗེར་ངོ་རྒོལ་བྱས་པའི་ཉེས་མིང་འོག་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་ཕོག་པ་རྐྱང་ཡིན་པ་དང་མང་ཆེ་བ་དགའ་ལྡན་དགོན་པའི་གྲྭ་བ་རེད།
ང་རང་དང་། དགའ་ལྡན་དགོན་གྱི་བསྟན་པ་དབང་གྲགས་(དུས་བཀག་བཙོན་འཇུག་ལོ་ཚད་14) དགའ་ལྡན་དགོན་དམངས་བདག་ཀྲུའུ་རེན་ཆུང་དག་(དུས་བཀག་ལོ་10) བོད་ལྗོངས་སློབ་ཆེན་གྱི་སློབ་མ་བློ་བཟང་བསྟན་འཛིན་(ལོ་གཉིས་རྗེས་སྲོག་ཐོག་) གཡུ་ལོ་ཟླ་ཚེ་རིན་པོ་ཆེ་(དུས་བཀག་ལོ་10)བཅས་རུ་ཁག་དང་པོའི་ནང་བསྐྱལ་བ་དང་། དེ་རྗེས་ང་ཚོར་བཙོན་གོས་སྔོན་པོ་དེ་ཆ་ཚང་རེ་དང་། ཉལ་ཐུལ་རེ་སྤྲད་པ་དང་དེ་དག་ལག་ཏུ་བཟུང་དུ་བཅུག་ནས་དཔར་བརྒྱབ་སོང་།
ང་ཚོ་གྲྭ་བཞིར་སླེབས་སྐབས་ཞོགས་པའི་ཆུ་ཚོད་བཅུ་པ་ཙམ་ཡིན་པ་དང་། རུ་ཁག་གི་སྒོ་རའི་ནང་ལས་ཀར་འགྲོ་མི་ཐུབ་པའི་རྒད་པོ་དང་ནད་པ་རེ་གཉིས་མ་གཏོགས་བཙོན་པ་གཞན་རྣམས་ལས་ཀར་སོང་ནས་བསྡད་མི་འདུག དེ་ནས་བཙོན་སྲུང་བ་རྒྱ་མི་ཞིག་དང་བོད་པ་ཞིག་གིས་ང་རང་རུ་ཁག་དེའི་ཉལ་ཁང་དགུ་པའི་ནང་ཁྲིད་བྱུང་། ཉལ་ཁང་དེའི་ནང་གི་ཉལ་ཁྲི་ནི་སྟེང་འོག་གཉིས་བྱས་ཏེ་གཡས་ཕྱོགས་ལ་དྲུག་དང་། གཡོན་ཕྱོགས་སུ་དྲུག་བཅས་ཁྱོན་ཉལ་ཁྲི་བཅུ་གཉིས་འདུག ཉལ་ཁང་ལ་བསླེབས་དུས་སྒེའུ་ཁུང་གི་ཉེ་འགྲམ་ཡོད་པའི་ཉལ་ཁྲི་འོག་མ་དེའི་སྟེང་དུ་བཙོན་པ་རྒད་པོ་ཞིག་འདུག་ཅིང་ཁོ་པ་ནི་པུས་མོར་ཉལ་ཐུལ་ཞིག་དཀྲིས་ནས་ཉལ་ཁྲིའི་ཐོག་དཀྱིལ་དཀྲུང་བྱས་ནས་བསྡད་འདུག རྒད་པོ་དེས་ང་ཉལ་ཁང་དེའི་ནང་དུ་ཉི་མ་དེར་གསར་དུ་བསླེབས་པའི་བཙོན་པ་ཞིག་ཡིན་པ་ཤེས་ཀྱི་ཡོད་ཚོད་རེད། ཡིན་ན་ཡང་ནམ་རྒྱུན་ལྟར་གྱི་ཉེས་དོན་ཉེས་བསགས་ཀྱི་བཙོན་པ་ཞིག་ཡིན་པ་ལས་ཆབ་སྲིད་བཙོན་པ་ཞིག་ཡིན་པ་ཤེས་ཀྱི་མེད་པ་འདྲ། གང་ཡིན་ཟེར་ན་ང་བསླེབས་དུས་ཁོ་པས་ང་ལ་དོ་སྣང་ཙམ་ཡང་མི་འདུག བོད་རིགས་བཙོན་སྲུང་དེས་རྒད་པོ་དེའི་མདུན་དེར་ང་ལ་‘ཁྱོད་རང་ཉལ་ཁང་འདིའི་ནང་སྡོད་རིང་ཁོ་ལ་འབྲེལ་བ་བྱས་ཆོག་གི་མ་རེད། ཁོ་ངལ་རྩོལ་དང་ཞོགས་པའི་ལུས་རྩམ་ལ་འགྲོ་མི་ཐུབ་པའི་རྒན་ཁོག་རེད་ལ་སེམས་པ་ཡང་ཐང་ཐང་ཡོད་པ་མ་རེད། ཁོས་དོན་མེད་ལ་རྙོག་གྲ་སློང་གི་རེད་’ཟེར་།
ཉིན་དེའི་ཕྱི་དྲོའི་ཆུ་ཚོད་བདུན་པ་ཙམ་བཙོན་པ་བྱིངས་རྣམས་ལས་ཀ་ནས་རུ་ཁག་ནང་ཚུར་སླེབས་སོང་བ་དང་། ཉལ་ཁང་སོ་སོའི་ནང་དགོང་ཟས་ཟོས། དེ་ནས་ཆུ་ཚོད་གཅིག་ཙམ་གྱི་རྗེས་ཏིང་ཏིང་བརྡུངས་ནས་བཙོན་པ་རྣམས་རང་སོའི་ཉལ་ཁང་ནང་འཛུལ་དགོས་པའི་བརྡ་བཏང་བྱུང་། ཉལ་ཁང་ནང་འཛུལ་རྗེས་བཙོན་སྲུང་བ་བསླེབས་ནས་བཙོན་པ་ཚང་མ་ཚང་བཤེར་བྱས་པ་དང་སྦྲགས་བཙོན་སྲུང་དེས་ང་ལ་ཉལ་ཁང་དེའི་ཙུའུ་ཀྲང་བསོད་ནམས་ཚེར་ཟེར་བ་དེ་ངོ་སྤྲོད་བྱས་པ་དང་། ང་ལ་བཤད་དོན་‘ཉལ་ཁང་གི་སྲུང་དགོས་པའི་སྒྲིག་ལམ་ཁག་ཉལ་ཁང་འདིའི་ཙུའུ་ཀྲང་བསོད་ནམས་ཚེ་རིང་གིས་ཁྱོད་ལ་བསླབ་ཀྱི་རེད། ཁྱོད་ཀྱི་ནག་ཉེས་སྐོར་བཙོན་པ་གཞན་ལ་བཤད་མི་ཆོག་མ་ཟད་བསོད་ནམས་ཚེ་རིང་གིས་ཉལ་ལངས་དུས་ཚོད་དང་། གཙང་སྦྲ་གང་འདྲ་བྱས་ནས་བྱེད་དགོས་མིན། ཉལ་ཁང་ནང་གཙང་སྦྲའི་ལས་རེས་སོགས་གང་འདྲ་བྱེད་དགོས་རྣམས་ཁྱོད་ལ་རེ་རེ་བཞིན་ངོ་སྤྲོད་བྱེད་ཀྱི་རེད་’ཅེས་བཤད་ནས་ཉལ་ཁང་སྒོ་ལྕགས་བརྒྱབ་ནས་ཕྱིན་སོང་།
ཉལ་ཁང་དེའི་ནང་ཁྱོན་བཙོན་པ་བཅུ་འདུག་པ་དང་ད་དུང་ཉལ་ཁྲི་གཉིས་སྟོང་པ་རེད་། བཙོན་སྲུང་བ་དེས་ཉལ་ཁང་སྒོ་བརྒྱབ་ནས་ཕྱིན་མ་ཐག་བཙོན་པ་རྣམས་སྐད་ཆ་ཤོད་འགོ་ཚུགས་སོང་། ཁོང་ཚོས་ཤོད་པའི་སྐད་ཆ་མང་ཆེ་བ་ནི་ཉིན་དེའི་ངལ་རྩོལ་གྱི་སྐོར་དང་། ཕྱི་ཉིན་གྱི་ལས་འཆར་སྐོར་ལས་དེ་མིན་གང་ཡང་མི་འདུག བཙོན་པ་གཞན་རྣམས་སྐད་ཆ་ཤོད་སྐབས་རྒད་པོ་དེ་ནི་ཅི་ཡང་མི་ཤོད་པར་མུ་མཐུད་ནས་པུས་མོར་སྔར་བཞིན་དྲེག་པ་ཆགས་ནས་ཚོས་གཞི་གང་ཡིན་མི་ཤེས་པའི་ཉལ་ཐུལ་དེ་གྱོན་ནས་ཁོང་ཚོའི་འུར་སྒྲས་ཁེངས་པའི་གླེང་མོལ་ལ་སྣང་འཇོག་ཙམ་མི་བྱེད་ལ། ཧ་ལམ་འགུལ་ཙམ་མི་བྱེད་པར་ཙོག་པོར་ཁོ་རང་གི་ཉལ་ཁྲིའི་སྟེང་དུ་བསྡད་སོང།
སྐད་ཤུགས་ཆེ་བའི་བཙོན་པ་དེ་དག་ངོ་གདོང་ནི་ཐལ་སྐྱར་ཐོན་ཞིང་། ངལ་རྩོལ་སྐོར་ཤོད་སྐབས་དངོས་གནས་ཁོང་ཚོར་གཡོལ་ཐབས་མེད་པའི་ལས་འགན་ཆེན་པོ་ཞིག་སྒྲུབ་རྒྱུར་སེམས་ནད་ཡོད་པ་དང་། ངལ་རྩོལ་གྱིས་དཀའ་དུབ་ཆེན་པོ་ཕྲད་ཡོད་པ་མཚོན་གྱི་འདུགཡིན་ན་སྐད་ཤུགས་ཆེ་བའི་སྐད་ཆ་ཤོད་མཁན་ནི་ཉན་མཁན་ལས་མང་བ་ཡོད་པ་འདྲ་པོ་འདུགཉལ་ཁང་དེའི་ནང་བཙོན་པ་གཟུགས་སྟོབས་ཆེ་ཞིང་ངོ་གདོང་ལ་རྨ་ར་ནག་པོས་འཁེབས་པ།ལག་ངར་དང་བྲང་སྟེང་གང་སར་ཁབ་བཙགས་བརྒྱབ་ནས་གྲི་དང་འབྲུག བུད་མེད་དང་སྲོག་ཆགས་ཀྱི་གཟུགས་བརྙན་སྣ་ཚོགས་བྲིས་པའི་ཡོད་པའི་བཙོན་པ་ཞིག་འདུག་པ་དེས་ངའི་ཉེ་འགྲམ་དུ་ཡོང་ནས་ང་ལ་ཁྱེད་ཕ་ཡུལ་གང་ནས་ཡིན་ནམ་ཟེར། ངས་མལ་གྲོ་རྒྱ་མ་ནས་ཡིན་ལབ་པ་ཡིན། ཁོས་་་་ཁྱོད་ཀྱིས་ལོ་ཚད་ག་ཚོད་ཁྱེར་ཡོད་དམ་ཟེར་། ལོ་གསུམ་ཁྱེར་ཡོད་བརྗོད་པས། ཁོ་པས་ཧ་ཧ་་་་་་་་ཞེས་དགོད་སྒྲ་བཅས་མི་ཁྱོད་དེ་རིང་ནས་གུང་ཁྲན་ཏང་གི་ཀྲིང་མོག་ཁྲི་གཅིག་དང་སྔ་སྟོང་ཟ་དགོས་པ་དང་། རྔུལ་ཆུ་དུང་བན་དོ་འདོན་དགོས་པ། པགས་པ་རིམ་པ་དགུ་བརྗེས་ན་ལམ་སེང་ལྕགས་སྒོ་ནག་པོ་དེ་ལ་ཁྱོད་ཀྱི་རྐུབ་དམར་པོ་དེ་བསྟན་ནས་ཕྱིན་ཆོག་གི་རེད་ཟེར། ངས་ཏང་གི་ཀྲིང་མོག་ཁྲི་བཅུ་ལྔ་ཟོས། རྔུལ་ནག་དུང་ཕན་བཅུ་བཏོན།པགས་པ་རིམ་པ་བརྒྱད་བཅུ་བརྗེས་པ་ཡིན། ད་དུང་ལྕགས་སྒོ་ནག་པོ་དེར་རྐུབ་སྟོན་པར་ལོ་བཅུ་གཉིས་ཡོད་ཟེར།
ངས་ཁོ་པས་སྐད་ཆ་གང་ཞིག་ཤོད་ཀྱི་ཡོད་མེད་མཚན་མོ་དེར་གོ་བ་ལོན་མ་བྱུང་ཡང་། ཉིན་ཤས་ཀྱི་རྗེས་སུ་ཁོས་བཤད་པའི་སྐད་ཆའི་གོ་དོན་རྟོགས་པ་དང་། མི་དེ་ཡང་སྙིང་སུ་ཡིན་ཤེས་བྱུང། ཁོ་ནི་ནག་ཆུ་འབྲི་རུ་རྫོང་ཁོངས་ཀྱི་མི་ཡིན་པ་དང་། མིང་ལ་འབུམ་དགའ་ཟེར། བཙོན་པ་ཚོས་རྒྱུན་དུ་ཁོ་པར་ཧོར་འབུམ་དགའ་ཞེས་འབོད་ཀྱིན་འདུག ཁོ་པ་ནི་ད་དུང་བོད་རྙིང་པའི་སྐབས་ཡུལ་དེར་སྐད་གྲགས་ཆེ་བའི་ཇག་པ་ག་རྒྱ་འགྲམ་ནག་ཞེས་པ་ཞིག་ཡོད་པ་དེའི་ཚ་བོ་ཡིན་པ་ཤེས་བྱུང་། ཁོ་ཞེད་སྣང་དང་རྣམ་རྟོག་ཅི་ཡང་མེད་པར་མི་ཚང་མར་ཅི་བསམ་ཤོད་མཁན་ཞིག་དང་། འགྲོ་བདེ་གཤིབ་བདེ་ཞིག་འདུགབཙོན་ཁང་ནང་སྣང་པ་སྐྱིད་པོ་བྱས་ནས་སྡོད་པ་ལས་སེམས་ནང་དཀའ་ངལ་ཡོད་པ་ཞིག་ཁོ་པའི་བྱེད་སྟངས་ལས་མངོན་གྱི་མི་འདུག དུས་ཚོད་བདུན་ཕྲག་གཅིག་ཙམ་ཡང་མི་འགོར་བར་ངེད་གཉིས་གྲོགས་པོར་གྱུར་སོང་།
ཉལ་ཁང་དེའི་ནང་ལ་ཡོད་པའི་བཙོན་པ་དེ་དག་གི་བྱེད་སྟངས་སྐད་ཆ་ཤོད་སྟངས་ནི་དེ་སྔ་ལྟ་སྲུང་ཁང་ལ་ཡོད་པའི་བཙོན་པ་དེ་དག་དང་གཏན་ནས་མི་འདྲ་ཞིང་། ཁོང་ཚོའི་བྱེད་སྟངས་ཅུང་ཞེད་སྣང་སྐྱེ་དགོས་པ་དང་། ཁོང་ཚོས་ཤོད་པའི་སྐད་ཆའི་མིང་ཚིག་བེད་སྤྱོད་བྱེད་པ་དེ་ཚོ་སྤྱི་ཚོགས་ནང་མི་རྣམས་འཚེར་སྣང་དང་འཛེམས་བྱ་བྱེད་པ་དེ་དག་རྐྱང་རེད། ཆགས་སྲེད་ཀྱི་སྐོར་དང་། བུད་མེད་ཀྱི་སྐོར་ཤོད་རྒྱུ་དེ་ནི་ཕལ་ཆེར་ཁོང་ཚོ་ཚང་མའི་དགའ་ཤོས་དང་།ཉོབ་སྣང་མེད་ཤོས་དེ་རེད་ལ། རྟག་ཏུན་ཉན་མཁན་ཡང་མང་ཤོད་ཡོད་པའི་གླེང་གཞི་ཆེ་ཤོས་དེ་རེད།
ངའི་ཉལ་ཁྲི་དེ་ནི་རྒད་པོའི་ཁ་སྤྲོད་ཏག་ཏག་གི་སྟེང་ཐོག་ཏུ་ཡིན་པ་དང་བསོན་ནམས་ཚེ་རིང་གི་ཉལ་ས་ནི་ངའི་འོག་ཏག་ཏག་དེ་རེད། ངའི་མགོ་་་སྔས་མགོའི་སྟེང་དུ་བཞག་ནས་མར་བལྟ་དུས་ཁ་སྤྲོད་དུ་ཡོད་པའི་རྒད་པོ་དེའི་ཉལ་ས་དེ་ཏག་ཏག་མཐོང་གི་འདུག ཁོ་པའི་འགུལ་སྐྱོད་ཚང་མ་ངས་ཞོར་དུ་མཐོང་གི་འདུག
དགོང་མོའི་ཉལ་བརྡ་མ་བཏང་ཙམ་ལ་རྒན་པོ་དེས་ཉལ་ཁྲིའི་སྟེང་ནས་རྐང་འཛུགས་ལག་འཐམ་བྱས་ཏེ་ཡར་ལངས་ཏེ་སྒོ་རྒྱབ་ཏུ་ཡོད་པའི་ཆབ་ཏོག་ནང་གཅིན་པ་བཏོང་བར་འགྲོ་སྐབས། བསོད་ནམས་ཚེ་རིང་གིས་་་་་་པོ་(རྒད་པོ་)མུ་ཏཱ་རང་གིས་དེང་སང་གཅིན་པ་གཏོང་དུས་གཅིན་པ་ཆབ་ཏོག་གི་གཡས་གཡོན་གང་སར་ཐིགས་ནས་ཉལ་ཁང་གཙང་མ་བཟོ་མཁན་གྱི་ལས་རེས་ཚོས་འཁང་ར་བྱེད་ཀྱི་འདུག བྱས་ཙང་མིག་གི་ཡག་པོ་མཐོང་ཀྱི་མི་འདུག་ན་གཅིན་པ་སྐྱོག་ནང་མ་བཏང་བར་ཁར་ཐུག་ཆབ་ཏོག་ནང་བཏང་ན་ཡག་པོ་ཡོང་ས་རེད། (རྒྱུན་དུ་བཅིན་པ་གཏོང་སྐབས་སྔོན་ལ་སྐྱོག་གི་ནང་གཏོང་དགོས་པ་དང་བཅིན་བཏང་ཚར་རྗེས་ཆབ་གཏོག་གི་ཁ་ཕྱེ་ནས་ཕར་བླུག་དགོས་ཀྱི་ཡོད་འདུགའདི་ནི་མི་རྒན་མང་པོས་བཏང་ནས་བསགས་པའི་བཅིན་པ་ལི་ཏྲར་ཉི་ཤུ་ཙམ་ཡོད་པའི་ཆབ་ཏོག་དེ་ཁ་ཡུན་རིང་ཕྱེ་ན་ཉལ་ཁང་གཅིན་དྲིས་ཁེངས་པས་ཡིན་) དེ་མ་གཏོགས་ཞོགས་པ་ཆབ་ཏོག་བཤོ་མཁན་དང་ཉལ་ཁང་གི་གཙང་སྒྲའི་ལས་རེས་ཚོས་བསམ་འཆར་གཏོང་གི་འདུག་ཟེར་ནས་བཤད་སོང་།
རྒད་པོ་དེས་མགོ་བོ་ལྕོག་ཙམ་བྱས་པ་དང་སྦྲགས། རྐང་བཙུགས་ནས་གཅིན་པ་ཞལ་ལའི་ཐོག་བཏང་བ་མ་རེད། འདིའི་ཁུག་དེར་མིག་གིས་ཡག་པོ་མཐོང་གི་མི་འདུག་ཟེར། ཅུང་བྱ་ཐབས་མེད་པའི་རྣམ་འགྱུར་བསྟན་སོང་། བསོད་ནམས་ཚེ་རིང་གིས་གཅིན་པ་སྐྱོག་ནང་མ་བཏང་ཁར་ཐུག་ཆབ་ཏོག་ནང་བཏང་ན་འགྲིག་གི་རེད་ཅེས་ཁ་བརྡ་བྱས་སོང་། ཉིན་དང་པོ་དེར་རྒད་པོ་དེ་དང་ངེད་གཉིས་དབར་གླེང་མོལ་གྱི་སྐད་ཆ་གང་ཡང་མ་བྱུང་།
དེ་ནས་ཕྱི་ཉིན་ཞོགས་པ་དེར་ཉལ་ཁང་གི་སྒོ་ཕྱེ་མ་ཐག་བཙོན་པ་རྣམས་ཕྱི་རོལ་གྱི་སྒོ་རའི་ནང་སོང་ནས་ཁ་བཀྲུ་ལག་བཤལ་བྱས་པ་དང་།ངས་ཀྱང་བཙོན་པ་བྱིངས་དང་འདྲ་བར་ཁ་བཀྲུ་ལག་བཤལ་བྱས་པ་ཡིན། སྐབས་དེ་དུས་རྒད་པོ་དེ་ཡང་ཕྱི་ལ་ཁ་ངོ་བཀྲུ་བར་སླེབས་བྱུང་། ཁོང་གིས་དྲེག་པས་གོས་པའི་སྤུ་ཡི་ཞྭ་མོ་དེ་མར་ཕུད་པ་དང་། དེ་ནས་མིག་ཤེལ་དེ་ཡང་མར་ཕུད་ནས་དེ་སྒེའུ་ཁུང་གི་བང་ཁྲིའི་སྟེང་དུ་བཞག་སྟེ་ངོ་གདོང་བཀྲུས་སོང་།
ང་རང་སྐབས་དེ་དུས་ཁོང་གི་ཉེ་འགྲམ་དེ་རང་ལ་ཡོད་པ་དང་། ངས་ཁོ་རང་གི་བྱེད་སྟངས་ལ་ནན་ཏན་གྱིས་ལྟ་རྒྱུ་བྱུང་བའི་བག་ཆག་དེ་དག་ནི་ངས་ད་བར་གཏན་ནས་བརྗེད་མྱོང་མེད། ཁོང་གི་མིག་ཤེལ་གྱི་ཤེལ་སྒོ་དེ་སེར་ཁ་གས་ནས་དུམ་ཆག་ཏུ་གྱུར་འདུག ལོ་ཟླ་མང་པོའི་རིང་ཉིན་མཚན་མེད་པར་བེད་སྤྱོད་བཏང་བའི་མིག་ཤེལ་དེ་ནི་ད་ལྟ་དུད་དྲེག་གིས་ཁེངས་ནས་འདུག མིག་ཤེལ་གྱི་སྒྲོམ་དེ་ཡང་ཧྲུག་ཆག་གི་དུམ་བུར་གྱུར་འདུག་ཀྱང་། ཀོ་ཡོལ་དཀར་པོ་དང་འགྱིག་སྐུད་ཀྱིས་བསྡམས་ནས་མགོའི་སྟེང་སྡོད་ཐུབ་ཙམ་ཞིག་བཟོས་འདུག བསྡམས་བཀྱིག་བྱས་པ་དེའི་ཐོག་ཡང་སྐྱར་དྲེག་པ་དང་མདུད་པས་ཁེངས་པའི་སྐུད་པ་ནག་པོ་དེས་མིག་ཤེལ་དེ་ཁོ་རང་གི་མགོ་བོར་བསྡམས་ནས་གྱོན་གྱི་འདུགསྒྲོམ་གཞི་ཆག་དུམ་དུ་གྱུར་བའི་མིག་ཤེལ་དེ་ལ་གལ་སྲིད་སྐུད་པས་ཁོ་རང་གི་མགོར་མ་བསྡམས་ན། རྒྱུན་ལྡན་མིག་ཤེལ་ལྟར་ཡུ་བ་རྣ་མཆོག་སྟེང་དུ་བསྐོན་ནས་བེད་སྤྱོད་བྱེད་ཐབས་ནི་གཏན་ནས་མི་འདུགཕལ་ཆེར་དབྱར་དགུན་སྟོད་དཔྱིད་ཀྱི་དབྱེ་བ་མེད་པར་ལོ་མང་པོར་གྱོན་པའི་ཁོ་རང་གི་ལྷམ་དེ་ལ་འཇུར་སྒྲོག་ནི་མི་འདུག དེ་ནི་ཁོ་རང་གི་ལུས་སྟེང་དུ་གྱོན་པའི་དུག་ལོག་གཞན་དང་འདྲ་བར་དྲེག་པ་ཁེངས་པ་དེ་ནི་ངས་བསམ་ན་ཕལ་ཆེར་ཁ་ལག་དང་། ཁ་ལུད་སྣ་ལུད་ལྷམ་དེའི་སྟེང་དུ་ཐིགས་པ་དེ་དག་ལོ་མང་པོའི་རིང་གི་བསགས་པའི་དྲེག་པའི་ཐོག་གི་དྲེག་པ་ཡིན་པ་འདྲ་སྙམ་བྱུང་། ངས་ཞོགས་པ་དེར་མཐོང་བའི་རྒད་པོ་དེའི་བྱེད་སྟངས་ལ་ལྟ་དུས་ཁོང་ནི་མིག་ཞར་བ་ལྟ་བུ་ཞིག་འདུག་ཅིང་། ཁོ་རང་གི་ཉེ་འགྲམ་གྱི་དངོས་པོ་དེ་དག་ཀྱང་ལག་བསྙབ་བྱེད་སྟངས་དེ་ནི་ཡ་ང་དགོས་པ་ཞིག་འདུག
དེའི་ཐོག་ལྷན་པ་དང་དྲེག་པ་སོགས་ཡོད་པའི་བཙོན་ཁང་གིས་སྤྲད་པའི་བཙོན་གོས་སྲིན་བལ་བར་འཚང་ཅན་གྱི་གོས་ཐུང་དེ་དང་། སྟོད་ཐུང་མཐུག་པོ་དེ་ནི་སྨ་ར་རིང་བའི་རྒད་པོ་ཁོང་ལ་དྲོ་རྒྱུ་མེད་པར་འགུལ་སྐྱོད་བྱེད་པར་དཀའ་ངལ་ཁ་སྣོན་ཞིག་དང་འདྲ། གཡས་གཡོན་བཙོན་པ་རྣམས་ནི་རེ་འགའ་རྐང་ལག་རྐྱོང་སྐུམ་གྱི་ལུས་སྦྱོང་བྱེད་པ་དང་། རེ་འགའ་ནི་ཁ་ངོ་བཀྲུ་བ་ལྷན་དུ་ཁ་ལུད་སྣ་ལུད་་་འག་་་དང་་་འག་་་་ཟེར་ཤུགས་གང་ཡོད་བྱས་ནས་བསྐྱུག་ཐབས་བྱེད་པ་དེ་ནི་ཕལ་ཆེར་ཁོག་པའི་ནང་གི་གློ་སྙིང་མཆིན་གསུམ་གྱི་ངན་ངོན་ནག་ནོག་གཏན་ནས་མ་ལུས་པར་ཞོགས་པ་དེར་དུས་གཅིག་ལ་ཕྱིར་འདོན་གྱི་འདུག་ཟེར་ནས་བཤད་་ན་མི་འོས་པ་གང་ཡང་མི་འདུག
(སྐབས་དེ་དུས་ངས་ཁོང་ནི་གྲགས་ཅན་གྱི་བོད་རང་བཙན་འཐབ་རྩོད་ཀྱི་སྣེ་ཁྲིད་དང་་་་ང་ཚོ་གཞོན་སྐྱེས་ཚོའི་མིག་དཔེ་བཟང་པོ་ཞིག་ཡིན་པ་གང་ནས་ཤེས)་་་་་དེ་ལས་ཟློག་ཏེ་ངའི་སེམས་ལཞོགས་པ་དེར་གོམ་པ་ཡང་ཡག་པོ་རྒྱག་མི་ཐུབ་པ་དང་། མིག་གིས་ཀྱང་ཡག་པོ་མ་མཐོང་བའི་རྒད་པོ་་འདི་འདྲ་ཞིག་བཙོན་ཁང་ནང་ལྷུངས་བ་དེ་ནི་སྙིང་རྗེ།རྒད་པོ་བཙོན་ལ་ཚུད་དགོས་པའི་ནག་ཉེས་ཅི་ཞིག་བསག་པ་ཡིན་ནམ།ད་བར་ལོ་ག་ཚོད་བཙོན་ལ་བསྡད་ཟིན་པ་ཡིན་ནམ།ད་དུང་ལོ་ག་ཚོད་སྡོད་རྒྱུ་ཡོད་དམ། གུང་ཁྲན་ཏང་དེས་རྒད་པོ་དི་འདྲ་ཞིག་ལ་བཙོན་ཁང་གི་སྡུག་སྦྱོང་མྱོང་དུ་བཅུག་པ་དེ་དཔེ་མི་སྲིད་པ་ཞིག་རེད་སྙམ་པ་དང་། ཡང་ངའི་ཚོད་དཔག་བྱས་ན་ཕལ་ཆེར་ཁོ་པས་ནག་ཉེས་ཆེན་པོ་ཞིག་བསགས་ཡོད་པ་ཏན་ཏན་རེད་ལ་་་་་་་་་ཅིག་བྱས་ན་ལས་ངན་འབྲས་བུས་རྒད་པོ་མི་ཤི་བར་སྡུག་སྦྱོང་འདི་འདྲ་ཞིག་དགོས་པ་བྱུང་བ་རེད་ཨང་སོགས་བསམ་བློ་འདྲ་མིན་འཁོར་ནས་གང་ལྟར་སེམས་ཀྱི་གཏིང་ནས་རྒད་པོ་དེའི་གནས་སྟངས་ལ་སྙིང་རྗེ་བཅོས་མ་མིན་པ་ཞིག་སྐྱེས་བྱུང་། འདི་ནི་ངས་འཇིགས་བཟང་ལགས་དང་ཉལ་ཁང་གཅིག་གི་ནང་སྡོད་པའི་དགོང་མོ་དང་པོ་དེའི་གཏམ་རྒྱུད་རེད་ལ། ངས་གོང་དུ་བརྗོད་པའི་གཏམ་རྒྱུད་དེ་དག་ནི་འཇིགས་བཟང་ལགས་ཉེས་དོན་ཉེས་བསགས་མཉམ་དུ་མི་ལོ་མང་དག་ཅིག་གི་རིང་ལ་བཙོན་པའི་འཚོ་བ་མི་ལོ་བཅུ་ཕྲག་མང་པོ་འགྲིམས་མྱོང་བའི་དཀའ་སྡུག་གི་ཁྲོད་ནས་ངས་མཐོང་བའི་ཉིན་ཞག་གཅིག་གི་གནས་སྟངས་ཞིག་ཡིན་པ་དང་། ད་དབར་ཆབ་སྲིད་བཙོན་པ་༼༡༩༨༧ཚུན༽སུ་ལ་ཡང་ཁོང་ཡང་སྙིང་ཉེས་དོན་ཉེས་བསགས་བཙོན་པ་མཉམ་དུ་བཞུགས་པའི་གནས་སྟངས་ངོ་མ་ཉལ་ཁང་གཅིག་གི་ནང་དུ་མཐོང་ཐུབ་པའི་གོ་སྐབས་དེ་བྱུང་མེད་པ་འདྲ།
དེ་ནས་ཉི་མ་ཁ་ཤས་ཀྱི་རྗེས་ལ་ཉལ་ཁང་གཅིག་པའི་བཙོན་པ་དང་། དེ་ནས་རིམ་བཞིན་རུ་ཁག་དེའི་བཙོན་པ་ཡོངས་དང་འབྲེལ་འདྲིས་བྱུང་།ང་ཚོའི་ཉལ་ཁང་ནང་ནས་ཧོར་འབུམ་དགའ་དང་། ཕ་ཡུལ་སྨ་ཁམས་ནས་ཡིན་པའི་འབྲུག་ཐར་ཚེ་རིང་གཉིས་ཀྱིས་ང་བཙོན་པ་གསར་པ་ཡིན་པས་རུ་ཁག་དང་ཉལ་ཁང་ནང་འགྲོ་འདུག་དང་། བཙོན་ཁང་དེའི་གནས་སྟངས་དང་བཙོན་པ་རྙིང་པ་མང་པོ་ཞིག་གིས་ནག་ཉེས་སྐོར་བཤད་བྱུང་བ་དང་ཁོ་རང་གཉིས་ཀྱི་ནག་ཉེས་ཀྱང་གང་ཡིན་སྐོར་ཞིབ་ཕྲ་བཤད་བྱུང།
དགུན་དུས་ཀྱི་གནམ་གཤིས་ཤིན་དུ་གྲང་ངར་ཆེ་བའི་ཕྱི་དྲོ་ཞིག་ལ་ང་དང་་་ཧོར་འབུམ་དགའ་མཉམ་དུ་གླེང་མོལ་བྱ་རྒྱུའི་གོ་སྐབས་བྱུང་། ཁོ་པས་བཤད་དོན་དོན་ལ་‘ང་ཚོའི་ཉལ་ཁང་ནང་དུ་ཡོད་པའི་པོའོ་མུ་ཏཱ་ཟེར་བ་དེ་ཡང་སྙིང་མི་གང་འདྲ་ཞིག་ཡིན་ཁྱོད་ཀྱི་ཤེས་ཀྱི་ཡོད་པས་ཟེར།’ ངས་‘ང་འདིར་སླེབས་ནས་ཉིན་ཤས་ཞིག་ལས་མ་སོང་བར་རྒད་པོ་དེའི་སྐོར་གང་ནས་ཤེས་་་་་་་་་་་་ཡིན་ན་ཡང་ཁ་ཉིན་ཞོགས་པ་ཁ་བཀྲུ་ལག་བཤལ་བྱེད་སྐབས་་་་་རྒད་པོ་དེའི་བྱེད་སྟངས་དང་་་་་་་་་་མིག་གི་ཡག་པོ་མ་མཐོང་བའི་གནས་སྟངས་དེ་དག་མཐོང་དུས་དངོས་གནས་ང་རང་རྒད་པོ་དེར་ཤ་ཚ་དང་སྙིང་རྗེ་སྐྱེས་བྱུང་’ ་ཞེས་བཤད་པ་ཡིན།ཧོར་འབུམ་དགས་བཤད་དོན་“རྒད་པོ་དེར་བཙོན་པ་ཚོས་་་་་་་་པོ་མུ་ཏཱ་ཞེས་འབོད་དོན་ནི་་་སྐབས་རེ་ཁོ་སེམས་པ་སྐྱོད་པོ་བྱུང་བའི་སྐབས་ལ་་ཨ་་་འ་་་་མུ་་་ཏཱ་་་་ཞེས་པའི་རྒྱ་གཞས་ཞིག་ཡོད་པ་དེ་ཡང་ནས་ཡང་དུ་བཏང་བར་བརྟེན། བཙོན་པ་ཚོས་ཁོ་པའི་མིང་འདོག་ལ་་་་པོ་མུ་ཏཱ་་་་་་་ཞེས་བཏགས་པ་རེད། ཁོ་པའི་མིང་ངོ་མ་བྱས་ན་འཇིགས་མེད་བཟང་པོ་ཡིན་པ་དང་། ཁོང་ནི་བོད་རང་བཙན་གྱི་ཆེད་དུ་སྲིད་གཞུང་ལ་ངོ་ལོག་བྱས་ནས་བཙོན་ཁང་དུ་སླེབས་པ་དང་།ཕལ་ཆེར་རྒད་པོ་ད་དབར་མི་ལོ་ཉི་ཤུའི་ཡས་མས་བཙོན་ཁང་ནང་བསྡད་ཟིན་པ་རེད། རྒད་པོས་བཙོན་ལ་སླེབས་ནས་ཀྱང་ད་དུང་སྲིད་གཞུང་ལ་བོད་རང་བཙན་དགོས་པའི་ངོ་རྒོལ་ཐེངས་མང་བྱས་པ་དང་།ཁོང་ལ་ཉེས་བརྡུང་དང་མནར་བཅོད་ཕོག་པ་ནི་ང་ཚོས་ཚོད་དཔག་བྱ་ཐབས་མེད། ཁོང་ད་ལྟ་ང་ཚོའི་ཉལ་ཁང་དུ་ཡོད་པ་དེ་ཡང་ཁོ་རང་གིས་བཙོན་ཁང་ནང་བོད་རང་བཙན་གྱི་ཆེད་དུ་འཐབ་བརྩོད་བྱས་པ་དང་ཐད་དཀར་འབྲེལ་བ་ཡོད། 1987 ལོའི་ཟླ་བ་དགུ་པར་ལྷ་སར་བོད་རང་བཙན་གྱི་རྔམ་སྟོན་ཁྲོམ་སྐོར་བྱས་སྐོར་གྱི་གནས་ཚུལ་དེ་ཐོག་མར་ཚགས་པར་བརྒྱུད་བཙོན་ཁང་ནང་གི་བཙོན་པས་ཤེས་རྟོགས་བྱུང་བ་དང་། དེ་ནས་ཉིན་ཤས་རྗེས་རུ་ཁག་སོ་སོར་ཚོགས་འདུ་སྐོང་ནས་ཁ་བྲལ་རིང་ལུགས་ཉུང་ཤས་ལ་དགག་རྒྱག་བྱེད་དགོས་པའི་སྐུལ་སློང་དང་ཚོགས་འདུ་འཚོགས་པ་རེད། བཙོན་པའི་ནང་ནས་ཁ་བྲལ་རིང་ལུགས་པར་ངོ་རྒོལ་བྱེད་མཁན་གང་མང་བྱུང་སོང་། ཡིན་ན་ཡང་མང་ཆེ་བ་ནི་རྒྱ་རིགས་བཙོན་པ་དེ་དག་རེད། ན་ནིང་༼༡༩༨༧༽ཟླ་བ་བཅུ་པའི་ནང་གི་རེ་གཟའ་ཉི་མ་ཞིག་གི་ཉིན་གུང་ལ་བཙོན་སྲུང་རྣམས་ནི་ཉིན་གུང་ཁ་ལག་ཟ་བར་ཕྱིན་པ་དང་། བཙོན་པ་ཚང་མ་རུ་ཁག་གི་སྒོ་རའི་ནང་རྒྱུན་གཏན་གྱི་རེ་གཟའ་ཉི་མའི་ངལ་གསོ་དེ་བྱེད་བཞིན་ཡོད་སྐབས། རུ་ཁག་གི་སྒོ་རའི་མདུན་ངོས་ཀྱི་ཐོག་སོ་གཉིས་པའི་བར་འཁྱམས་སྟེང་ནས་གློ་བུར་དུ་་་་་་བོད་ཀྱི་རྒྱལ་ས་ལྷ་སར་བོད་རང་བཙན་གྱི་རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གུད་འདུད་ཞུ། བོད་རང་བཙན་ཁྲི་ལོ་བརྟན་པར་ཤོག རྒྱལ་བ་ཡིད་བཞིན་ནོར་བུ་ཁྲི་ལོ་བརྟན་པར་ཤོག་་་་་ཟེར་བ་སོགས་ཀྱི་འབོད་ཚིག་བསྒྲགས་པ་རེད། རུ་ཁག་སྒོ་རའི་ནང་ཡོད་པའི་བཙོན་པ་རྣམས་ཀྱི་དེ་རིང་བཙོན་ཁང་ནང་བོད་རང་བཙན་གྱི་འབོད་ཚིག་ཐེངས་དང་པོ་དེ་ཐོས་སྐབས། ཧང་སངས་ནས་གནས་ཚུལ་གང་ཞིག་བྱུང་བཞིན་ཡོད་དམ་སྙམ་ནས་སྐད་འབོད་བྱེད་སའི་ཕྱོགས་སུ་ལྟ་སྐབས།དེ་ནི་རྒྱུན་ཏན་བཙོན་པ་རྣམས་ཀྱི་སྣང་མེད་འཇོག་པའི་པོ་མུ་ཏཱ་ཡིན་པ་དངོས་སུ་མཐོང་བ་རེད། སྐབས་དེ་དུས་རུ་ཁག་ནང་བཙོན་སྲུང་བ་མེད་པ་དང་ཁོང་ལ་ལས་བྱེད་པས་བཀག་འགོག་བྱེད་མཁན་མེད་པར་ཁོ་རང་སྐད་འབོད་བྱ་རྒྱུའི་དུས་ཚོད་ཀྱང་གང་འཚམ་ཞིག་བྱུང་སོང་། འོན་ཀྱང་ད་ལྟ་ང་ཚོའི་ཉལ་ཁང་ནང་ཡོད་པའི་ཧུར་བརྩོན་ཅན་གྱི་བཙོན་པ་བསོད་ནམས་ཚེ་རིང་ཟེར་བ་དེས་་་་་གང་མགྱོགས་བར་འཁྱམ་སྟེང་དུ་ཡོད་པའི་པོའོ་མུ་ཏཱར་ཕྱོགས་སུ་བརྒྱུགས་ནས། ཞི་དྲག་ཐབས་ཤེས་གང་ཡོད་བྱས་ཏེ་ཁོང་སྐད་འབོད་བྱེད་དུ་མ་བཅུག་པར་ཁོང་གིས་ལག་པ་ནས་བཟུང་བ་དང་། བར་འཁྱམ་ཐོག་ནས་མར་དྲུད་ནས་ཁོ་པའི་ཉལ་ཁང་དུ་བཅུག་པ་དང་། ལམ་སེང་བཙོན་སྲུང་བར་རུ་ཁག་ནང་ཆབ་སྲིད་གནས་ཚུལ་ལྷག་ལུགས་སྙན་སེང་ཞུས་སྟབས། བཙོན་སྲུང་བས་ལམ་སེང་དམག་མི་ཁྲིད་ནས་རུ་ཁག་ནང་སླེབས་པ་དང་། པོ་མུ་ཏཱ་ལ་ལག་ལྕགས་བརྒྱབ་ནས་མདུན་འཐེན་རྒྱབ་འབུད་ཀྱིས་རུ་ཁག་ནས་ཁྲིད་དེ་འདོམ་གང་གྲུ་བཞིའི་ནང་བཅུག་པ་རེད། འདོམ་གང་གྲུ་བཞིའི་ནང་ཁོང་ལ་དཀའ་ངལ་གང་འདྲ་ཞིག་བྱུང་ཡོད་མེད་སུས་ཀྱང་ཤེས་ཐུབ་ཐབས་མེད་ན་ཡང་། གང་ལྟར་ལོ་མཇུག་ཏུ་ཁོང་ལ་བཙོན་ཁང་ནང་ལོག་སྤྱོད་ཀྱི་འབོད་ཚིག་བསྒྲགས་པའི་ཉེས་པ་ཕོག་ནས་ལོ་གསུམ་གྱི་དུས་བཀག་ཁྲིམས་ཆད་འཕར་མ་བཏང་བ་རེད།
བྱས་རྗེས་འཇོག་མཁན་ལ་བྱ་དགའ་སྟེར་བ་དང་། ནག་ཉེས་གསོགས་མཁན་ལ་ཆད་པ་བཅོད་པ་བཙོན་ཁང་འདི་ཡི་རྩ་དོན་གཙོ་བོ་ཡིན་པས།པོའོ་མུ་ཏཱར་ལོ་ཚད་སྤར་བའི་ཉིན་དེ་རང་ལ་བསོད་ནམས་ཚེ་རིང་གྱིས་རུ་ཁག་ནང་ཉིན་ཁ་དཀར་ངོ་དཀར་ལ་ལོག་སྤྱོད་ཀྱི་འབོད་ཚིག་སྒྲོག་མཁན་བཀག་འགོག་བྱས་པའི་བྱས་རྗེས་ཆེན་པོ་བཞག་པར་ཐོ་འགོད་བྱས་ནས། ལོ་དེའི་ལོ་མཇུག་ཁོ་པར་ལོ་གསུམ་གྱི་བཀའ་ཆད་ཆག་ཡངས་བཏང་བ་རེད། ད་ལྟ་བསོད་ནམས་ཚེ་ང་ཚོའི་ཉལ་ཁང་ནང་པོ་མུ་ཏཱར་ཁ་སྤྲོད་དུ་ཉལ་བ་དེ་ཡང་དུས་རྒྱུན་དུ་ཁོང་གི་འགྲོ་འདུག་སྤྱོད་གསུམ་ཆེད་དུ་སྲིད་གཞུང་ནས་ལྟ་རྟོགས་བྱེད་མཁན་ལ་བཀོད་སྒྲིག་བྱས་པ་རེད། དེར་བརྟེན་པོ་མུ་ཏཱ་དེ་ནི་མི་ལས་སླ་མོ་ཞིག་མ་ཡིན་ལ་ཁོང་ནི་དངོས་གནས་མི་རྫབ་ཆེན་བློ་ཁོག་ཆེན་པོ་ཞིག་ཡིན་དང་་་་་་་་བོད་རང་བཙན་གྱི་ཆེད་དུ་ཤི་གི་ཡིན་ཟེར་མཁན་གྱི་ཕོ་རྒོད་ངོ་མ་རེད། ཁྱེད་རང་གིས་ང་ཚོའི་ཉལ་ཁང་ནང་བསོད་ནམས་ཚེ་རང་ཡོད་སར་ཁོང་དང་འབྲེལ་བ་བྱེད་དང་། ལྷག་པར་དུ་ཆབ་སྲིད་དང་འབྲེལ་བ་ཡོད་པི་སྐད་ཆ་ཤོད་པ་སོགས་བྱེད་དུས་ཟབ་ཟབ་མ་བྱས་ན། བསོད་ནམས་ཚེ་རིང་གིས་བྱས་རྗེས་འཇོག་རྒྱུའི་ཆེད་དུ་མ་ཉེས་ཁ་གཡོག་ཡང་བྱེད་སྲིད་པ་རེད་”ཅེས་བཤད་བྱུང་།
ཧོར་འབུམ་འགས་བཤད་དོན་ལྟར་བྱས་ན་བསོད་ནམས་ཚེ་རིང་ནི་དེ་སྔ་གཞིས་རྩེ་ས་ཁུལ་གྱི་མི་དམངས་ཞིབ་དཔྱོད་ལས་ཁུངས་ཀྱི་ཞིབ་དཔྱོད་པ་ཡིན་དང་། ཁོ་པའི་སྐྱེ་དམན་དེས་སྐྱེས་པ་གཞན་ཞིག་དང་མཉམ་དུ་གབ་མཐུན་བྱས་པའི་གནས་ཚུལ་ཁོ་པས་ཤེས་ཏེ། ཉིན་ཞིག་ཁོ་པས་སྐྱེས་པ་དེར་མེ་མདའ་བརྒྱབ་ནས་བསད་པ་དང་། སྐྱེ་དམན་དེ་ལ་ཡང་མེ་མདའ་བརྒྱབ་ནས་མི་ཚེ་གཅིག་དབང་པོ་སྐྱོན་ཅན་དུ་བཏང་བ་རེད་ཟེར།ཁོ་པའི་ལོ་ཚད་ནི་ཚེ་བཙོན་ཡིན་པ་དང་། ལོ་བཅུ་ལྷག་ཙམ་བཙོན་ཁང་ནང་བསྡད་ཟིན་པ་རེད་ཟེར།
གང་ལྟར་ཧོར་འབུམ་དགའི་བཅོས་མིན་བསླབ་བྱ་དང་། རྒད་པོ་དེའི་སྐོར་མདོར་བསྡུས་དེ་དག་ཐོས་རྗེས་ང་ནི་ཧང་སང་ནས། ཁོང་དང་གླེང་མོལ་བྱ་འདོད་བྱུང་ཡང་སྟབས་བདེ་གོ་སྐབས་ལམ་སེང་ག་ལ་ཡོད། ཡིན་ན་ཡང་ཉིན་དེའི་དགོང་མོར་བཙོན་སྲུང་བས་སྔར་རྒྱུན་བཞིན་ཉལ་ཁང་ནང་གི་བཙོན་པ་གྲངས་བཤེར་བྱས་ནས་ཉལ་ཁང་གི་སྒོ་ལྕགས་བརྒྱབ་རྗེས། ངས་ང་རང་གི་ཉལ་ཁྲིའི་སྟེང་འཛེགས་ནས་པཱ་རྒད་པོ་དེའི་བྱེད་སྟངས་སླར་ཡང་ཞིབ་ནན་གྱི་ཡུན་རིང་བལྟས་པ་ཡིན། དགོང་མོ་དེར་ངའི་སེམས་ལ་ད་བྱེད་དུས་ང་ནི་དངོས་གནས་དོན་ངོ་མའི་བོད་རང་བཙན་གྱི་ཆེད་དུ་ཞུམ་པ་མེད་པའི་བློ་སྟོབས་ལྡན་པའི་རྒད་པོ་ཞིག་དང་ཉལ་ཁང་གཅིག་གི་ནང་དུ་ཉལ་འདུག་སྙམ་ནས་བརྗོད་མི་ཤེས་པའི་ཚོར་སྣང་མང་པོ་ཞིག་བྱུང་ལ། ཁ་སྔོན་ཞོགས་པ་ངས་ཁ་བཀྲུ་ལག་བཤལ་བྱེད་སར་དོ་སྣང་བྱུང་སྟེ་ང་ལ་དགོས་པའི་རྒད་པོ་དེ་མི་འདི་འདྲ་ཞིག་ཡིན་པ་བསམ་ཡུལ་ལ་ཡང་མེད། དེ་རིང་སྨ་ར་དང་ཨག་ཚོམ་རིང་བའི་རྒད་པོ་འདིས་་་་དུས་དེ་རང་བར་དུ་་་་གནས་སྟངས་འདི་ལ་མ་ཐུག་བར་དུ་་་བོད་མི་རིགས་དང་་་་བོད་རྒྱ་ཁབ་ཀྱི་ཆེད་དུ་དཀའ་སྡུག་གི་ལོ་ཟླ་དེ་དག་ནང་་་་ཁོང་ལ་ཇི་ཙམ་བརྙས་བཅོས་ཕོག་ཡོད་དམ། ཁོང་ད་དུང་གསོན་པོར་གནས་པ་དེ། དེ་འདྲའི་ངོ་མཚར་ཆེ་བ་ལ་ཨང་སྙམ་ནས་ཁོང་དང་གླེང་མོལ་གྱི་གནས་ལུགས་ཤེས་འདོད་པ་དེ་ནི་སྐོམ་པ་ཆུ་འདོད་ཀྱི་འདུན་པས་དོ་མི་ཐུབ།ཡིན་ན་ཡང་ངའི་སེམས་ལ་ཁོང་གིས་གནས་སྟངས་དང་། བྱེད་ལུགས་ལ་བལྟས་ན་མི་ལོ་དུ་མའི་རིང་ཁོང་ལ་གནར་གཅོད་ཚད་མེད་ཕོག་ཡོད་པ་ནི་ཐེ་ཚོམ་མི་འདུགཡང་སྙིང་ཁོང་གི་དཀའ་སྡུག་དང་་་་འཐབ་རྩོད་ཀྱི་གཏམ་རྒྱུད་ཅི་འདྲ་ཞིག་གསུངས་རྒྱུ་ཡོད་དམ་་་་་་་ཁོང་ལ་ནང་མི་དང་་་ཕ་མ་སྤུད་མཆེད་ཡོད་དམ་མེད། ཁོང་གི་བདེ་ཐང་གི་སེམས་ཁམས་ལ་ཕོག་ཐུག་ཚབས་ཆེན་ཕོག་ནས་ཁོང་གིས་རང་ཉིད་ལ་མྱོང་བའི་དཀའ་སྡུག་རྣམས་གསལ་པོ་ཕལ་ཆེར་འགྲེལ་བཤད་བྱེད་མི་ཐུབ་པའམ་ཡང་ན་་་་བརྗེད་ཟིན་མེད་དམ་སྙམ་པ་དེ་ནི་ངའི་སེམས་ཁྲལ་དེ་ཉིན་དང་དགོང་མོའི་སེམས་ཁྲལ་ཆེ་ཤོས་དེ་རེད།
ཕྱི་ཉིན་དེ་ནས་ངས་གོ་སྐབས་གང་རྙེད་ཞིག་བཙལ་ནས་ཁོང་དང་གླེང་མོལ་བྱ་རྩིས་བྱས་པ་ཡིན། སྤྱིར་བཏང་བྱས་ན་བཙོན་པ་རྣམས་ཉིན་མོ་ངལ་རྩོལ་བྱེད་པར་འགྲོ་སྐབས་ལས་ཀའི་བར་གསེང་ལ་སྐད་ཆ་ཤོད་རྒྱུའི་གོ་སྐབས་མང་ན་ཡང་། ང་ཚོ་ངལ་རྩོལ་བྱེད་པར་འགྲོ་སྐབས་ཁོང་འཇིགས་བཟང་ལགས་ཉལ་ཁང་བཞུགས་ཀྱི་ཡོད་པས་གོ་སྐབས་དེ་མེད་པ་དང་། བཙོན་པ་ཚང་མ་རུ་ཁག་ནང་དུས་གཅིག་ལོག་གི་ཡོད་སྟབས་ཁོང་དང་གླེང་མོལ་བྱེད་པའི་གོ་སྐབས་དེ་ལས་སླ་པོ་གཏན་ནས་མིན་འདུག
འཇིགས་བཟང་ལགས་དང་ཐད་ཀར་གླེང་མོལ་བྱ་རྒྱུའི་གོ་སྐབས་འཚོལ་བའི་དུས་ཚོད་ནང་ཉལ་ཁང་གཅིག་པའི་བཙོན་པ་འབྲུག་ཐར་ཚེ་རིང་དང་གྲོགས་འདྲིས་བྱུང་། ངས་འབྲུག་ཐར་ལ་འཇིགས་བཟང་ལགས་ཀྱི་སྐོར་དྲིས་པ་ཡིན། འབྲུག་ཐར་ནི་ཕ་ཡུལ་སྨར་ཁམས་ནས་ཡིན་འདུག་པ་དང་། ཁོ་པས་ཕ་ཡུལ་དུ་ལུག་གཅིག་གི་སྐོར་ལ་ཁོ་པའི་ཨ་ཞང་གི་བུ་ཞིག་དང་འཁྲུག་རྩོད་བྱུང་ནས་གྲི་བཙུགས་ཏེ་ཨ་ཞང་གི་བུ་དེ་རྒྱག་ཉེས་འཕོག་ཉེས་ཤོར་ནས་ཤི་བ་དང་། ཁོ་པར་ལོ་གཉིས་སྲོག་ཐོག་ཉེས་པ་ཕོག་འདུག
འབྲུག་ཐར་གྱིས་ཉལ་ཁང་ནང་རྟག་ཏུ་འཇིགས་བཟང་ལགས་སུ་སྟབས་བསྟུན་གྱི་རོགས་ཕན་བྱེད་པ་དང་། ཁོ་ནི་ཁྱིམ་ཚང་གི་ལོ་རྒྱུས་ཐོག་ནས་གུང་ཁྲན་ཏང་ལ་ཡིད་ཆེས་གཏན་ནས་མེད་མཁན་དང་། བོད་གཤིས་ངོ་མའི་ཐོག་ནས་ཚུལ་ལྡན་གྱི་བཙོན་པ་ཞིག་རེད། ངས་འབྲུག་ཐར་ལ་ཧོར་འབུམ་དགས་ང་ལ་བཤད་པའི་འཇིགས་བཟང་ལགས་སྐོར་དེ་དག་བདེན་པ་ཡིན་ནམ་ཞེས་དྲིས་པ་ཡིན། འབྲུག་ཐར་གྱིས་“དེ་བདེན་པ་ཡིན་པས་ག་ལ་ཚད། པ་མུ་ཏཱ་ཡིས་བོད་རང་བཙན་གྱི་ཆེད་དུ་གནང་བའི་འཐབ་རྩོད་སྐོར་མི་རྣམས་ཀྱི་བློ་ཡུལ་ལ་ཤོང་བར་མི་ནུས་པའི་གཏམ་རྒྱུད་ཡོད་པ་དང་། ཁོང་ཕྱི་རོལ་ནས་ལུས་པོ་རྒས་པ་དང་སེམས་མི་ཐང་བ་ལྟ་བུ་ཡོད་ཀྱང་། ཁོང་གི་ཆབ་སྲིད་ཀྱི་ཐད་བོད་རང་བཙན་གྱི་འཐབ་རྩོད་དང་། མི་རིགས་དང་རྒྱལ་ཁབ་ལ་བཅངས་པའི་སྙིང་སྟོབས་དེ་དག་སྨྱོ་མེད་ལ། དེ་དག་རྒད་ཁོག་ཡང་བྱས་ཡོད་པ་མ་རེད་ཟེར་” ཟེར། བྲུག་ཐར་གྱིས་བཤད་པའི་སྐད་ཆ་དེ་དག་ཉན་རྗེས་ངའི་སེམས་ནས་ངེས་པར་དུ་དུས་ཚོད་ཞིག་བཙལ་ནས་རྒད་པོར་ངེས་པར་གླེང་མོལ་གྱི་ཁ་བརྡ་ཞིག་བྱེད་དགོས་བསམ་ཡང་ཉིན་ཤས་རིང་དུས་ཚོད་སྟབས་བདེ་ཁྱོན་ནས་མ་བྱུང་། གང་ཡིན་ཟེར་ན་ང་ཚོ་ལས་ཀ་ནས་སླེབས་མ་ཐག་བསོད་ནམས་ཚེ་རིང་ཡང་ལས་ཀ་ནས་སླེབས་ཀྱི་ཡོད་སྟབས་་་ངས་རྒད་པོ་དེར་གླེང་མོལ་བྱས་པ་ཁོ་པས་མཐོང་ན་ང་ལ་རྙོག་གྲ་བཟོ་ངེས་རེད།
དེ་ནི་རེ་གཟའ་ཉི་མ་ཡིན་པ་དུས་ཚོད་ཅིག་རེད། བཙོན་པ་ཚང་མ་ལས་ཀར་འགྲོ་མི་དགོས་པར་རུ་ཁག་ནང་དུ་ངལ་གསོ་བྱས་ནས་སྡོད་རྒྱུ་འདུག་པ་དང་། བཙོན་པ་ཁ་ཤས་ནི་ཤོ་རྒྱག་པ་དང་། ཁ་ཤས་ནི་ཀི་རམ་རྩེད་པ། ཁ་ཤས་གྱིས་དུག་ལོག་བཀྲུ་བ་དང་སྐྲ་བྲེག་པ་སོགས་ཟང་ཟིང་རྣམ་པས་ཁེངས་འདུག ཉིན་གུང་ཟིན་མཚམས་ལ་བསོད་ནམས་ཚེ་རིང་ནི་བཙོན་པ་རོགས་པ་ཁག་གཅིག་དང་མཉམ་དུ་སྒོ་རའི་ནང་ཤང་ཆིས་བརྩེས་ནས་མགོ་འཁོར་འདུག ང་ཉལ་ཁང་ནང་ཡར་འཛུལ་ནས་བལྟ་སྐབས་རྒད་པོ་ཉལ་ཁྲིའི་སྟེང་དུ་ནམ་རྒྱུན་ལྟར་ཙོག་པོར་དཀྱིལ་ཀྲུང་དུ་བསྡད་འདུག
དེ་ངས་ལམ་སེང་འབྲུག་ཐར་ཚེ་རིང་སར་སོང་ནས་ང་རྒད་པོ་དང་མཉམ་དུ་ཁ་བརྡ་བྱ་རྒྱུ་ཡིན་པས་བསོན་ནམས་ཚེ་རིང་ཉལ་ཁང་ནང་ཡོང་གི་འདུག་ན་ཁྱེད་རང་སྒེའུ་ཁུག་འོག་ཏུ་ཡོང་ནས་ང་ལ་གསང་བརྡ་བྱེད་རོགས་ཞེས་མངགས་པར། འབྲུག་ཐར་གྱིས་དེ་རིང་བསོད་ནམས་ཚེ་རིང་ཤང་ཆིས་ལ་མགོ་འཁོར་ནས་ཉལ་ཁང་ནང་ཡོང་གི་མ་རེད། ཁྱེད་སོང་ལ་ཁོ་དང་ཁ་བརྡ་གྱིས།དང་པོ་ཁྱེད་རང་ཆབ་སྲིད་བཙོན་པ་ཡིན་སོགས་ཁོ་པར་གསལ་པོ་ངོ་སྤྲོད་གྱིས། དེ་མ་བྱས་ན་བཙོན་རྒན་དེ་ཚོས་མགོ་མཁྲེགས་དྲགས་ནས་ཡིན་ཟེར་གྱི་མ་རེད།ངས་སྒེ་ཁུང་གི་ཕྱི་ནས་བསོད་ཚེ་ལ་བྱ་ར་བྱས་ཆོག་ཟེར།
དེ་ནས་ང་ལམ་སེང་རུ་ཁག་ནང་ཡར་ཡོང་བ་དང་། ངས་ཉིན་ཤས་སྔོན་དུ་ཆབ་མདོ་བཀྲིས་རིང་ཟེར་བའི་ཉེས་གསོག་བཙོན་པ་ཞིག་ལ་ལག་ཕྱིས་སྔོན་པོ་ཆུང་ཆུང་ཞིག་འདུག་པ་མཐོང་སྐབས། དེ་ནི་ངའི་ཉལ་ཁང་དུ་ཡོད་པའི་རྒད་པོ་ལ་སྤྲད་ན་མིག་ཕྱིས་བྱེད་ཡག་པོ་ཞིག་ཡོང་ངེས་རེད་སྙམ་ནས། ཁོ་པར་ངའི་ངོ་གདོང་འཕྱིས་བྱེ་ཀྱི་ཨ་ཅོར་ཆེན་པོ་ཞིག་དང་བརྗེ་པོ་སློག་རོགས་ལབ་པར། མི་དེས་ཁས་ལེན་བྱས་བྱུང་། དེ་ཉིན་ངས་ལག་ཕྱིས་སྔོན་པོ་སོབ་སོབ་དེ་ཁྱེར་ནས་ཁོང་གི་མདུན་དུ་ཕྱིན་པ་ཡིན།ང་ཁོང་གི་ཉལ་སར་སླེབས་མ་ཐག ཁོང་ལ་གུས་བཀུར་ཆེན་པོས་སྟབས་བདེའི་འཚམས་འདྲི་བྱས་པ་དང་། བསོད་ནམས་ཚེ་རིང་སྒོ་རའི་ནང་རྩེད་མོ་ལ་མགོ་འཁོར་ནས་བསྡད་འདུགའབྲུག་ཐར་ཚེ་རིང་སྒེ་ཁུང་གི་ཕྱི་ནས་ལ་བྱ་ར་བྱས་ནས་བཞག་ཡོད། ཧོར་འབུམ་འགའ་དང་འབྲུག་ཐར་ཚེ་རིང་གིས་ཉིན་ཤས་སྔོན་དུ་ཁྱེད་རང་ཆབ་སྲིད་ཀྱི་བཙོན་པ་ཡིན་སྐོར་རོབ་ཙམ་བཤད་བྱུང་ཞེས་བཤད་པ་དང་། རང་དགའ་ལྡན་དགོན་པའི་གྲྭ་བ་ཡིན་པ་ནས་འགོ་བཙུགས་ཏེ།་བཙོན་ལ་ཚུད་པའི་སྐོར་རོབ་ཙམ་ངོ་སྤྲོད་བྱས་པ་དང་སྦྲགས། ལག་ཕྱིས་སྔོན་པོ་དེ་ཕུལ་ནས་འདི་ཁྱེད་རང་ཁ་ལག་ཕྱིས་བྱེད་ཡིན་ཞེས་བཤད་པ་ཡིན།ངའི་གུས་ཞབས་ལྡན་པའི་སྐད་ཆ་དེ་དག་ཐོས་མ་ཐགམིག་ཤེལ་གོབ་ཏོ་ཡི་འོག་ནས་ཁོང་གིས་ངའི་མདོང་ལ་ཡག་པོ་བྱས་ནས་ནན་ཏན་གྱིས་ཐེངས་གཅིག་བལྟས་པ་དང་།ལག་གཉིས་དམ་པོར་འཇུས་ཏེ་ཁྱེད་ཆབ་སྲིད་བཙོན་པ་ཡིན་ནམ་དང་། ད་དུང་ང་ཚོའི་རུ་ཁག་ཏུ་ཆབ་སྲིད་བཙོན་པ་ཁག་གཅིག་གསར་དུ་བསྐྱལ་ཡོད་པ་ཉིན་ཤས་སྔོན་དུ་རུ་ཁག་ནང་གི་མར་བྱན་བཙོན་པ་ཞིག་གིས་ནང་གཏམ་བཤད་བྱུང་། ངས་གོ་ཐོས་བྱས་ན་ད་དུང་རུ་ཁག་བཞི་པ་དང་། གཉིས་པ། གསུམ་པ་བུད་མེད་རུ་ཁག་དུ་ཡང་ཆབ་སྲིད་བཙོན་པ་ཁག་ཅིག་བསྐྱལ་ཡོད་སྐོར་འདུག་པས་ཁོང་ཚོ་ག་ནས་ཡིན་མིན་དང་། མི་གྲངས་དུ་ཡོད་ཤོད་དང་ཟེར། ངས་དེ་དག་རེ་རེ་བྱས་ནས་འགྲེལ་བཤད་བྱས་པ་དང་། མང་ཆེ་བ་ནི་དགའ་ལྡན་དགོན་པའི་གྲྭ་པ་ཡིན་པ་དང་།དེའི་ནང་སེ་ར་དང་འབྲས་སྤུངས་དགོན་གྱི་དགེ་འདུན་པ་ཡོད་ལ་ལྷ་ས་ཁུལ་གྱི་མི་སྐྱ་ཁག་ཡོད་སྐོར་ཞུས་པ་ཡིན།ཁོང་གིས་ངའི་ལག་གཉིས་ནས་དམ་པོར་བཟུང་སྟེ་“9/27དང་། 10/1་་་་་་་དེས་ནས་3/5 སོགས་ལ་ཁྱེད་རྒྱལ་གཅེས་དཔུང་ཁག་དེ་དག་གིས་རྒྱ་དམར་གྱི་བཙན་འཛུལ་ལ་ངོ་རྒོལ་བྱས་ནས་བོད་རང་བཙན་ཆེད་དུ་ལོ་རྒྱུས་རང་བཞིན་འཐབ་རྩོད་བྱས་པའི་གསར་འགྱུར་དེ་དག་ཐོས་སྐབས། ང་རྒད་པོ་རང་ལོ་༦༢སོན་ཞིང་། མིག་ལོང་བ་འདི་ལ་བདེ་སྐྱིད་དང་སྤོབས་སེམས་ཀྱི་འོད་སྣང་ཆེན་པོ་ཞིག་དང་སེམས་ལ་སྤྲོ་སྣང་དཔག་ཏུ་མེད་པ་སྦྱིན་བྱུང་བས་ཐུགས་རྗེ་ཆེ་” ཟེར།
ད་དུང་ཁོང་གིས་“ལྟ་སྲུང་ཁང་དུ་བཀག་སྐྱིལ་བྱེད་རིང་མནར་གཅོད་ཇི་ཙམ་ཕོག་ཡོད་མེད་དང་། འཐབ་གྲོགས་ག་ཚོད་ཀྱི་ཚེ་སྲོག་ཤོར་བ་སོགས་ཀྱི་དྲི་བ་བྱས་བྱུང་། ཁོང་གིས་རྡབ་རྡིབ་མེད་པའི་སྐད་ཆ་དེ་དག་དང་། ངེད་ཆབ་སྲིད་བཙོན་པ་རྣམས་ལ་སེམས་འཁུར་ཆེ་བའི་སྐད་ཆ་དེ་དག་ཐོས་སྐབས། ངའི་སེམས་ནང་རྒད་པོ་དེ་ནི་མནར་གཅོད་དྲག་པོ་བཏང་བ་ཞིག་ལས་མི་འདི་ཁ་སྔོན་ཁོང་ཚོས་བཤད་པའི་སྨྱོ་ནད་དང་། སེམས་ཁམས་མི་བདེ་བའི་ནད་རྟགས་གང་ཡང་མི་འདུག་སྙམ་པ་དང་། ཁ་ཉིན་འབྲུག་ཐར་གྱིས་བཤད་པའི་སྐད་ཆ་དག་བདེན་པ་རང་ཡིན་པ་དེ་དུས་གཞི་ནས་ཤེས་བྱུང་།
ངས་ཁོ་རང་བཙོན་ལ་ད་བར་ལོ་ག་ཚོད་བསྡད་ཟིན་པ་དང་། ད་དུང་ལོ་ག་ཚོད་སྡོད་རྒྱུ་ལྷག་ཡོད་པ་དྲིས་པ་ཡིན། ཁོང་གིས་སྤོབས་སེམས་ལྡན་པའི་རྣམ་འགྱུར་དང་བཅས་མགོ་བོ་དབྱུག་དབྱུག་བྱེད་བཞིན་དུ་“ངས་བཙོན་ཁང་འགྲིམས་པའི་སྐོར་བཤད་ན་སྒྲུང་རིང་པོ་རེད་་་ང་་་༡༩༦༥ ལོ་ནས་༡༩༧༨ ལོ་བར་མི་ལོ་ཧྲིལ་པོ་༡༥ བཙོན་ལ་བསྡད་པ་ཡིན། གདུག་རྩུབ་ཆེ་བའི་རིག་གནས་གསར་བརྗེ་ཆ་ཚང་བཙོན་ཁང་དུ་མྱངས་པ་རེད། ༡༩༨༣ ལོར་སླར་ཡང་ངས་ལྷ་སར་བོད་རང་བཙན་གྱི་རྔམས་སྟོན་སྐད་འབོད་བྱས་པའི་རྐྱེན་གྱིས་གུང་ཁྲན་ཏང་གིས་བསྐྱར་དུ་ང་ལ་ལོ་༡༥ཡི་ཁྲིམས་ཆད་བཏང་ནས་གྲྭ་བཞི་བཙོན་ཁང་བསྐྱལ་བྱུང། ༡༩༨༧ ལོར་[གོང་ཞུས་]བོད་རང་བཙན་དགོས་པའི་སྐད་འབོད་རྔམ་སྟོན་བྱས་པར་ང་ལ་ཀླད་རྙིང་མཁྲེགས་བཟུང་བྱས་དང་། བསྒྱུར་བཀོད་ལ་ངོ་རྒོལ།གསར་བརྗེར་ངོ་རྒོལ་སོགས་མིང་འདྲ་མིན་བཏག་ནས་སླར་ཡང་ལོ་ལྔ་སྤར་བྱུང་། གང་ལྟར་༡༩༦༥ནས་༡༩༧༨བར་ལོ་བཅོ་ལྔ་བསྡད་པ་རྣམས་མ་བརྩིས་ན་ཡང་། གྲྭ་བཞི་བཙོན་ཁང་འདི་ལ་ད་བར་ལོ་དྲུག་བསྡད་ཟིན་པ་ཡིན། ད་དུང་ལོ་བཅུ་བཞིར་འདུག་དགོས་རེད་”ཟེར། སྐད་ཆ་དེ་ངའི་རྣ་བར་ཐོས་དུས་ང་ནི་ཧང་སངས་ནས། ཡུད་ཙམ་ཞིག་གི་རིང་ལ་ང་ནི་ཅི་ཤོད་འདི་ཤོད་མེད་པར་གལ་སྲིད་ངས་ཀྱང་ཁོང་གི་གནས་སྟངས་ངོ་མ་དེ་མི་ཤེས་ཚེ་བཙོན་སྲུང་བ་དེ་དག་གིས་ཁ་སྔོན་ངོ་སྤྲོད་བྱས་པ་བཞིན་ཁོང་ལ་སྣང་ཆུང་གཏོང་སྲིད་སྙམ་ནས། མིག་ཤེལ་ཆག་དུམ་དུ་གྱུར་བའི་འོག་གི་མིག་ཆུ་དང་མིག་སྐྱག་གཉིས་ཀྱིས་ཁེངས་པའི་ཁོང་གི་མིག་གཉིས་དང་། སྨ་ར་དང་ཨོག་འཚོམ་རིང་ལ་དྲེག་པས་གོས་པའི་ཁོང་གི་ངོ་གདོང་དེ་ལ་ནན་གྱིས་བལྟས་ནས་ཁོང་གིས་བླ་ན་མེད་པའི་སྙིང་སྟོབས་དེའི་དཔང་པོ་བྱས་པ་ཡིན། མདོར་ན་སྐབས་དེ་དུས་ཁོང་སྔ་རྗེས་སུ་ཁྱོན་མི་ལོ་༢༡ བཙོན་ཁང་ནང་བསྡད་ཟིན་འདུག་པ་དང་།ཁོང་གིས་བཙོན་ཁང་དུ་བསྐྱལ་བའི་མི་ལོ་དེ་དག་སྐབས་དེར་བོད་ལུགས་ཀྱི་ལོ་༢༠སོན་པའི་ངའི་རང་ལོ་ལས་ཀྱང་ལོ་གཅིག་ཆེ་བ་འདུག
ངའི་གདུང་སེམས་ཆེན་པོས་བྱ་དཀའ་བྱེད་གཏད་མི་ཤེས་པའི་རྣམ་འགྱུར་དེ་ཕལ་ཆེར་ཁོང་གིས་ཤེས་པ་འདྲ། དེའི་མཚམས་དེར་ཁོང་གིས་“ང་ལ་འཕྲད་པའི་དཀའ་ངལ་རྣམས་ལ་རང་སེམས་སྡུག་བྱེད་དགོས་ཀྱི་མ་རེད། རྒྱ་གུང་ཁྲན་གྱིས་ང་ལ་ཇི་ཙམ་ཁྲིམས་ཆད་ལྕི་པོ་བཏང་བ་དང་། ང་ལ་ཇི་ཙམ་གྱིས་སྡུག་སྦྱོང་བཏང་ཀྱང་། དེ་ཙམ་ངའི་འཐབ་རྩོད་ཆུང་ངུ་འདིས་རྒྱ་གུང་ཁྲན་གྱིས་བོད་ལ་བཙན་འཛུལ་བྱས་པ་དང་།བོད་ཀྱིས་བདག་དབང་བཙན་འཕྲོག་བྱས་པ། རྒྱལ་བ་རིན་པོ་ཆེ་རྒྱ་གར་དུ་བྲོས་བྱོལ་འགྲོ་དགོས་བྱུང་བ། བོད་མི་སྟོང་ཕྲག་མང་པོ་དམར་གསོད་བཏང་བ། བོད་ཀྱི་ཆོས་དང་རིག་གཞུང་ལ་ལོ་རྒྱུས་ནང་བྱུང་མ་མྱོང་བའི་གཏོར་བཤིག་བཏང་བ་སོགས་ཀྱི་ནག་ཉེས་དེ་གུང་ཁྲན་ཏང་གིས་དྲན་གསོ་ཐེངས་གཅིག་མ་བྱེད་རང་བྱེད་བྱ་དགོས་བྱུང་བ་དང་། ད་དུང་བོད་མི་དམངས་ཀྱིས་རྒྱ་མིའི་བཙན་གནོན་ལ་མགོ་མི་སྒུར་བའི་བརྡ་ལན་དང་། རྒྱ་གུང་ཁྲན་གྱིས་བོད་ལ་བསགས་པའི་ནག་ཉེས་དེ་དག་ར་སྤྲོད་གསལ་པོ་བྱས་པ་མཚོན་ཡོད་པས། དེ་ནི་བོད་མི་ཤི་གསོན་གཉིས་ཀྱི་ཆེད་དང་། ངའི་འཐབ་རྩོད་ཀྱི་དམིགས་ཡུལ་ཡིན། དེར་རང་ཉིད་འདོད་པ་ཚིམས་པ་བྱུང་བས་ངས་དུས་རྟག་ཏུ་རང་ཉིད་ལ་འཕྲད་པའི་དཀའ་ངལ་ལ་སུན་སྣང་བྱེད་ཀྱི་མེད། ཐ་ན་ང་རང་བཙོན་ཁང་ནང་དུ་ཤི་དགོས་བྱུང་ཡང་སེམས་ནང་གྲ་སྒྲིག་ཡིན་ལ་འགྱོད་སེམས་བྱེད་དགོས་པའི་གནད་དོན་ཕྲ་མོ་ཙམ་ཡང་མེད་”ཅེས་གསུངས་བྱུང་།
ཁོང་གིས་གསུངས་པའི་སྐད་ཆ་དེ་དག་ཉན་རྗེས་ངའི་སེམས་ལ་ལོ་རྒན་ཞིང་། མིག་གིས་ཀྱང་ཡག་པོ་མི་མཐོང་བའི་ཁ་ཐབས་སྐྱོ་བའི་རྒད་པོ་འདི་འདྲ་ཞིག་གི་སེམས་ཁམས་ལ། བོད་རྒྱལ་ཁབ་དང་མི་རིགས་ཀྱི་རང་དབང་ལ་བཅངས་པའི་སྙིང་སྟོབས་འདི་འདྲ་ཞིག་ཡོད་པ་སུས་ཀྱང་ཚོད་དཔག་བྱེད་མི་ཐུབ། སྤྱི་ཚོགས་ཐོག་མི་དམངས་རྣམས་དང་། རྒྱ་གར་ཡུལ་གྱི་རྒྱལ་བ་རིན་པོ་ཆེ་སོགས་ཀྱིས་ཁོང་གི་མཛད་རྗེས་དང་གནས་སྟངས་འདི་ཤེས་ཀྱི་ཡོད་དམ། རྒྱ་མིས་ཁོང་བཙོན་ཁང་ལ་འདི་འདྲའི་ལོ་མང་པོ་བཅུག་ཟིན་པ་དང་། ད་ལྟ་རྒད་པོ་ཞིག་ཏུ་གྱུར་ན་ཡང་ད་དུང་ཁྲིམས་ལྕི་མོ་དེ་འདྲ་གཏོང་དགོས་ཀྱང་། ཁོང་གིས་འཐབ་རྩོད་ལ་འཇིགས་ཞུམ་མེད་པའི་སྙིང་སྟོབས་དང་། མི་རིགས་ལ་བཅངས་པའི་ལྷད་མེད་ཀྱི་ལར་ཞེན་དེ་གུང་ཁྲན་ཏང་གིས་དུས་ནམ་ཡང་དོགས་ཟོན་བྱེད་ཡུལ་དུ་གྱུར་པ་རེད་སྙམ་པ་བྱུང།
གལ་ཏེ་ང་ཡང་ཁོང་དང་ཉལ་ཁང་གཅིག་པ་དང་་་དེ་ནས་རིམ་བཞིན་དེ་རིང་ཁོང་དང་གླེང་མོལ་བྱེད་པའི་གོ་སྐབས་འདི་འདྲ་མ་བྱུང་ན། ངས་ཀྱང་ཏན་ཏན་དུས་ནམ་ཞིག་བར་དུ་ཁོང་ནི་སེམས་ཁམས་མི་བདེ་བའི་རྒད་པོ་ལས་ངན་ཞིག་རེད་ཟེར་བའི་བཙོན་ཁང་ལས་བྱེད་པའི་རྙོག་གཏམ་དེ་དག་ལ་ཡིད་ཆེས་བྱེད་སྲིད། ང་རང་བོད་ནང་སྐད་གྲགས་ཆེ་བའི་གྲྭ་བཞི་བཙོན་ཁང་དུ་སླེབས་པ་དང་། འདི་ནས་རླབས་ཆེན་མི་སྣ་འདི་འདྲ་ཞིག་ཐུག་ནས་གླེང་མོལ་བྱེད་རྒྱུ་བྱུང་བ་དེ་ནི་རྐྱེན་ངན་གྲོགས་ཤར་ཟེར་བ་དེ་རང་རེད་སྙམ་པ་ཁོ་ན་བྱུང་།
ཁོང་ནི་ངས་ཁོང་རང་གི་གནས་ཚུལ་དང་ལོ་རྒྱུས་ཤེས་འདོད་ཡོད་པ་དེ་ལས་ལྷག་པར།ངས་མཐོང་མྱོང་བའི་༡༩༨༧།༩།༢༧་་་་༡༩༨༧།༡༠།༡་་་་༡༩༨༨།༣།༥། སོགས་ཀྱི་ལྷ་སར་བྱུང་བའི་མི་རབས་གསར་པའི་བོད་རང་བཙན་གྱི་ཞི་རྒོལ་གྱི་གནས་སྟངས་སྐོར་ཤེས་འདོད་ཀྱི་མེ་ལྕེ་འབར་འདུག་པ་དང་། དེའི་སྐོར་དྲི་བ་གཅིག་རྗེས་གཉིས་མཐུད་ཀྱི་གནང་གི་འདུག དེར་བརྟེན་ངེད་གཉིས་ནི་མི་རབས་གསར་རྙིང་གཉིས་བར་གྱི་གནས་ཚུལ་ཤེས་རྟོགས་བྱེད་ཆེད་གཅིག་ལ་གཅིག་མེད་དུ་མི་རུང་བ་ལྟ་བུར་གྱུར། ཁོང་གིས་དྲི་བ་བཏོན་པའི་ནང་ནས་ནན་ཏན་སྒོ་ནས་ང་ལ་ “དགེ་འདུན་པ་རྣམས་ཀྱིས་སྣེ་ཁྲིད་ནས་བོད་རང་བཙན་གྱི་རྔམ་སྟོན་བྱེད་སྐབས་སྤྱི་ཚོགས་ཧྲིལ་པོའི་མི་དམངས་ཀྱི་རྒྱབ་སྐྱོར་དང་གཞོགས་འདེགས་ཀྱི་རྣམ་པ་གང་འདྲ་འདུག་”དང་།ཡང་ “རྒྱལ་བ་རིན་པོ་ཆེ་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སོགས་ནས་བོད་ཀྱི་གནས་སྟངས་ལ་བདག་སྤྲོད་བྱེད་པའི་གནས་ཚུལ་གསར་པ་ཅི་ཞིག་ཐོས་རྒྱུ་འདུག” དང་། “འདྲི་རྩད་བཀག་ཉར་བྱེད་པའི་རིང་ཉེས་རྡུང་གནར་བཅོད་གང་འདྲ་བཏང་བྱུང་ངམ།” “ཁྱོན་མི་ག་ཚོད་ལ་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་བཏང་བྱུང་བ་དང་། ད་དུང་ལྟ་སྲུང་ཁང་ལ་མི་ག་ཚོད་ཡོད་དམ། བོད་མི་ཇི་ཙམ་འདས་གྲོངས་སུ་སོང་ངམ་” སོགས་ནི་ཁོང་གིས་མཁྱེན་འདོད་ཆེ་ཤོས་ཡིན་པ་གནད་དོན་དེ་དག་རེད་འདུག
ཉེས་རྡུང་བཏང་བ་དང་། ཁྲིམས་ཆད་བཏང་བའི་སྐོར་དུས་ཚོད་ཀྱི་རྐྱེན་པས་ཚང་མ་ཞུ་མི་ཐུབ་ཀྱང་། རོབ་བསྡུས་ཞུས་པ་ཡིན། དེ་དག་གསན་རྗེས་ཁོང་གིས་སྤྲོ་སྣང་གི་རྣམ་འགྱུར་དང་བཅས་ “ཁྱེད་ཚོས་བྱས་པའི་རང་དབང་གི་འཐབ་རྩོད་དེ་དག་ནི་རང་ཉིད་མི་སྒེར་གྱི་ལྟོ་གོས་དང་བདེ་སྡུག་གི་ཆེད་དུ་མ་ཡིན་པར་བོད་རྒྱལ་ཁབ་དང་མི་རིགས་འདི་ཉིད་ཀྱི་བདག་དབང་གི་གནད་དོན་དང་། ཡང་སྒོས་ལོ་སྟོང་ཕྲག་ཁ་ཤས་ཀྱི་རིང་ལ་ངེད་རྣམས་ཀྱི་ཕ་མེས་ཡང་མེས་ཀྱི་མཛད་རྗེས་ལས་བསྐྲུན་པའི་ཆོས་དང་རིག་གཞུང་། ཡུལ་གོམས་གཤིས་ལུགས་དང་བཅས་པ་སའི་གོ་ལ་འདི་ཡི་སྟེང་དུ་གནས་དང་། མི་གནས་ཀྱི་ཆགས་འཇིག་གི་གནས་སུ་ལྷུང་ཡོད་སྟབས། གནས་སྟངས་འདི་འདྲ་ཞིག་གི་ཁྲོད་དུ་མི་རིགས་ཀྱི་རང་དབང་སླར་གསོའི་ཆེད་དུ་འཐབ་རྩོད་བྱེད་པ་ནི་དཀའ་སྡུག་ཆེ་ལ། ཐ་ན་ཚེ་སྲོག་ཀྱང་དེ་བས་ཤོར་སྲིད། འོན་ཏེ་དཀའ་སྡུག་དེ་དག་ནི་རླབས་ཆེ་ལ་གཟི་བརྗིད་ཅན་གྱི་བྱ་བ་ཞིག་ཡིན་པས། བོད་ཀྱི་ལོ་རྒྱུས་ངོ་མས་ཁྱོད་ཕམ་ཉེས་སུ་འགྲོ་མི་འཇུག་ལ། ཁྱེད་ཀྱིས་དེའི་ཆེད་དུ་དཀའ་ངལ་ཡོད་ཚད་གདོང་ལེན་བྱས་པ་དེར་བོད་མི་དམངས་དང་། བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱིས་ནམ་ཡང་བརྗེད་མི་སྲིད། བོད་འདི་དེ་རིང་ཕྱི་ངོས་ཡུལ་གྱི་མངའ་ཁོངས་བདག་དབང་རྒྱ་གུང་ཁྲན་གྱི་བཙན་བཟུང་བྱས་ཡོད་ཀྱང་།ནང་མི་དམངས་ཀྱི་སེམས་པ་དང་སྙིང་སྟོབས་དེ་རྒྱ་དམག་གིས་རྩ་མེད་བཟོ་ཐུབ་མེད། རྒྱུ་མཚན་དང་གནད་འགག་འདི་ཡི་རྩ་དོན་གྱི་ཐོག་ནས་ང་ཚོས་ང་ཚོའི་འཐབ་རྩོད་ཀྱི་སྙིང་སྟོབས་གཏན་ནས་ཞུམ་དགོས་དོན་མེད། ང་ཚོའི་རྒྱལ་ཁ་ནི་ང་ཚོའི་འཐབ་རྩོད་ལ་བརྟེན་ཡོད་པ་དང་། ང་ཚོའི་འཐབ་རྩོད་ནི་ང་ཚོའི་སྙིང་སྟོབས་ལ་བརྟེན་ཡོད་”ཅེས་གསུངས་བྱུང་།
ཁོང་གིས་བཀའ་སློབ་དུམ་བུ་འདི་ནི་ང་ལ་མཚོན་ན་རང་དབང་ཅི་ཡང་མེད་པར་གདུག་རྩུབ་ཆེ་བའི་བཙོན་ཁང་ལྕགས་རི་མཐོན་པོ་དེའི་ནང་ནས་ཐོབ་པའི་“རང་དབང་འཐབ་རྩོད་ཀྱི་མན་ངག་” འགྲན་ཟླ་བྲལ་བ་ཞིག་ཡིན། མན་ངག་འདི་བཙོན་ཁང་གཅིག་པུ་མིན་པར་སྐྱབས་བཅོལ་པའི་དུས་དེ་རིང་འཚོ་བའི་ནང་དུ་ཡང་ངས་སེམས་ནང་ལྷང་ངེར་དྲན་བཞིན་ཡོད།
དེ་ནས་ཁོང་གིས་ད་དུང་ “ཁྱེད་རང་བཙོན་པ་གསར་པ་དང་བཀའ་ཆད་ཀྱི་དུས་ཡུན་རིང་པོ་མ་རེད་ལ་ད་ལྟ་ལོ་ཆུང་ཆུང་ཡིན་པས་བཙོན་ཁང་འགྲོ་སྡོད་གང་སར་ཡིད་གཟབ་གྱིས། དེ་སྔ་ཉེས་རྡུང་གི་གནར་གཅོད་ཅི་ཙམ་ཆེན་པོ་ཕོག་པ་དེ་དག་ཁྱེད་ཚོའི་འཐབ་རྩོད་དེ་གནད་ལ་འཁེལ་བ་དང་ཆབ་སྲིད་ཀྱི་ནུས་པ་ཐོན་པའི་རྟགས་རེད། འདིར་ཁྱེད་ལ་རྒྱ་མིས་ངོ་དགའ་སྤྲེལ་ལད་བྱས་ནས་འགྲོ་བདེ་སྡོད་བདེ་བྱེད་ཀྱི་འདུག་ན། དེ་གཟབ་གཟབ་མ་བྱས་ན་རྒྱ་མིས་གཡོ་ཇུས་བཤམ་ནས་ཁྱེད་ཀྱི་བསམ་བློ་འགུག་ཐབས་བྱེད་པ་ཡིན། གལ་སྲིད་ཁྱེད་ལ་བྱ་དགའ་སྤྲོད་པ་དང་།བསྟོད་བསྔགས་བྱེད་པའི་ཉིན་དེ་ནི་ཁྱེད་ཀྱི་འཐབ་རྩོད་དང་རྩ་དོན་གྱི་དམ་བཅའ་ཉམས་གུད་དང་། ཁྱེད་ཀྱི་འཐབ་རྩོད་ལ་ཕམ་ཉེས་ཤོར་བའི་མངོན་རྟགས་རེད་” ཅེས་ཁོང་གིས་ལག་གཅིག་གི་ངའི་དཔུང་པར་ལྕག་ལྕག་ལན་གཉིས་གནང་བྱུང། བཀའ་མོལ་དུམ་བུ་འདི་ནི་མི་ཚེ་བཙོན་ལ་སྐྱེལ་མཁན་གྱི་བཙོན་རྒན་ཞིག་གིས་ཉམས་མྱོང་དང་སྙིང་གཏམ་བཅོས་མིན་དེ་ཁོང་གིས་ང་གསུངས་པ་ཡིན་པ་འདྲ། གང་ལྟར་་་འདི་དག་ངས་ཐེངས་དང་པོར་ཁོང་དང་གླེང་མོལ་བྱས་པའི་དུམ་བུ་ཡིན།
དེ་ལྟར་ང་དང་འཇིགས་བཟང་ལགས་ཉལ་ཁང་གཅིག་བྱས་ནས་སྡོད་པའི་མུར་ལོ་དེའི་ཟླ་བ་གསུམ་པར་རུ་ཁག་དང་པོའི་བཙོན་པ་རྣམས་ཀྱི་ཉལ་ཁང་ཚང་མ་དཀྲུགས་སོང་། སྐབས་དེར་བཙོན་པ་ལོ་ཚད་ལོ་ལྔ་ལས་ཉུང་བ་རྣམས་ཉལ་ཁང་གཅིག་དུ་བཀོད་སྒྲིག་བྱས་པ་དང་། ང་ནི་ལོ་ཚད་ལོ་གསུམ་རིང་ཡིན་པས་་་་ཁོང་ཚོ་མཉམ་དུ་བཞག་པས་ཉིན་དེ་ནས་ང་འཇིགས་བཟང་ལགས་དང་ཉལ་ཁང་གཅིག་པ་ཡིན་པའི་ལོ་རྒྱུས་དེ་རྫོགས་པ་རེད།
ཁོང་གི་བཙོན་ཁང་དུ་གསུངས་པའི་བཀའ་སློབ་དང་། མྱོང་བའི་མནར་གཅོད་སོགས་སྐོར་མང་པོ་ཞུ་རྒྱུ་ཡོད་ཀྱང་ཞིབ་ཏུ་དཔེ་དེབ་འདིས་(རྩོམ་འདི་དབྱིན་ཡིག་ཏུ་བསྒྱུར་ནས་པར་སྐྲུན་བྱས་པ་ལས་བོད་ཡིག་ཐོག་པར་སྐྲུན་བྱས་མེད་) གསལ་བར་བྱས་ཡོད་སྟབས་ངས་འདིར་བསྐྱར་འདོན་མི་བྱེད། འོན་ཏེ་དེ་རིང་ཁོང་གིས་མི་ཚེའི་ལོ་རྒྱུས་དེབ་དེའི་ནང་ངས་ཁོང་དང་ཐེངས་དང་པོ་ཐུག་པའི་ཉིན་ཐོ་ལྟ་བུ་དེ་ཟུར་འཇུག་བྱེད་པའི་གོ་སྐབས་བྱུང་བ་དེ་ནི་ངས་ཁོང་ལ་བླ་ན་མེད་པའི་གུས་བཀུར་དང་། འཐབ་གྲོགས་གཅིག་པའི་དམ་ཚིག་གཙང་མ་མཚོན་ཆེད་དང་། བོད་རྒྱལ་ཁབ་ཀྱི་རང་དབང་སླར་གསོའི་ཆེད་དུ་མཛད་རྗེས་བླ་ན་མེད་པ་འཇོག་མཁན་གྱི་ཁོང་དང་། འཐབ་རྩོད་ཆེད་ཚེ་སྲོག་ཤོར་བ། ངེད་ཀྱི་སྙིང་དབུས་ན་ལྷང་ངེར་བཞུགས་པའི་བོད་རྒྱལ་ཁབ་ཀྱི་དཔའ་བོ་དཔའ་མོ་རྣམས་ལ་གདུང་ཤུགས་དག་པོས་དྲན་གསོ་བྱས་པ་མཚོན་བྱེད་ཡིན་ལ། ལྷག་པར་ཁོང་ཉེས་བསག་བཙོན་པ་རྣམས་དང་མཉམ་དུ་བཞུགས་སྐབས་ཀྱི་གནས་སྟངས་དྲན་གསོ་གཙང་མ་ཞིག་བྱས་པ་ཡིན།
ཁོང་ནི་༡༩༨༩ལོའི་ལོ་མཇུག་ནས་གྲྭ་བཞི་བཙོན་ཁང་དུ་བོད་ཀྱི་ཆབ་སྲིད་བཙོན་པའི་རུ་ཁག་ནང་འཐབ་གྲོགས་བརྒྱ་ཕྲག་མང་པོའི་སེམས་ཁམས་ལ་སྟོབས་ཤུགས་སྔར་ལྷག་ཏུ་གནས་པར་བྱེད་པའི་རིན་བྲལ་གྱི་བག་ཆགས་ཟབ་མོ་འཇོག་མཁན་དང་། བོད་རང་དབང་གཙང་མའི་འཐབ་རྩོད་ཀྱི་མིག་དཔེ་བླ་ན་མེད་པ། ལྷག་པར་དུ་བཙོན་ཁང་ནང་ན་གཞོན་ཆབ་སྲིད་བཙོན་པ་ཡོངས་ལ་སྐྱེ་བོ་སུ་ཞིག་གིས་ཀྱང་ཚབ་བྱེད་མི་ཐུབ་པའི་བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་ཀྱི་གསོན་ཤུགས་སྦྱིན་མཁན་གྱི་བདག་ཉིད་ཆེན་པོ་ཞིག་ཡིན་པས། ཁོང་གིས་མཛད་རྗེས་ནི་དུས་ནམ་ཡང་བོད་མི་དམངས་དང་ལྷག་པར་ངེད་འཐབ་གྲོགས་ཤི་གསོན་གཉིས་ཀའི་སེམས་ནང་མི་ནུབ་བརྟན་པོ་གནས་ཡོད་པ་མཚོན་ཆེད་ཡིན།
མཇུག་ཏུ། ད་ཐེངས་ཁོང་གིས་ལོ་རྒྱུས་མདོར་བསྡུས་ཀྱི་དཔེ་དེབ་འདི་དབྱིན་སྐད་དུ་ཕབ་གྱུར་གནང་བའི་དོན་གྱི་གཙོ་འགན་བཞེས་མཁན་དང་། ཁོང་བཙན་བྱོལ་དུ་ཕེབས་ནས་སྔར་རྒྱུན་བཞིན་ལྟ་རྟོགས་གནང་མཁན་གྱི་ལྕམ་་Kate S དང་། དབྱིན་སྒྱུར་བ་སྐུ་ཞབས་ Mathew གཉིས་དང་། ལྷག་པར་ཁོང་བཙོན་ཁང་ནས་གློད་བཀྲོལ་ཆེད་དུ་འབད་འབུངས་གནང་མཁན་གྱིས་Jhonekaum བཅས་ལ་ངས་འཇིགས་བཟང་ལགས་ཀྱི་འཐབ་གྲོགས་དང་། བཙོན་གྲོགས་ཤི་གསོན་ཚང་མའི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུ་བ་དང་། ཁོང་ད་དུང་སྐུ་ཚེར་བར་ཆད་མེད་པར་བོད་ཕྱི་ནང་གཉིས་སུ་བཞུགས་པའི་ངེད་འཐབ་གྲོགས་ཡོངས་ཀྱི་སེམས་ཁོངས་སུ་“སྙིང་སྟོབས་ཀྱི་བདག་ཉིད་ཆེན་པོ་”རུ་སྔར་བཞིན་ཡུན་གནས་ཡོང་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན།།
བོད་རྒྱལ་ལོ།
དགའ་ལྡན་བཀྲིས་ཀྱིས་༢༠༡༧། ཟླ། ༢། ཚེས། ༧། རྩོམ་ཡིག་དེ་དབྱིན་བསྒྱུར་དྲ་ཐག