ངོ་དེབ་ཀྱིས་ཚོང་གི་ཆེད་དུ་རྒྱ་གར་སྲིད་དོན་མི་སྣ་ཁག་ཅིག་ལ་དམིགས་བསལ་བཏང་ཡོད་འདུག

རྒྱལ་སྤྱིའི་ནང་དེབ་ཚོང་ལས་ཁང་གིས་གཉེར་བཞིན་པའི་མཉེན་ཆས་ཁག་གི་ཐོག་ཏུ། སྤྱི་ཚོགས་ཀྱི་བརྟན་ལྷིང་དང་འཆམ་མཐུན་སོགས་ལ་གནོད་པའི་གནས་ཚུལ་རྫུན་མ་དང་། འཁྲུག་རྐྱེན་སློང་བའི་སྐད་ཆ་རིགས་བཀག་སྡོམ་བྱས་མ་ཐུབ་པའམ་མ་བྱས་པར་བརྟེན། མི་གསོད་ཁྲག་སྦྱོར་གཙོས་པའི་གནས་ཚུལ་ངན་པ་མང་པོ་བྱུང་ཡོད་པ་ར་ཁྲོད་བྱུང་ཡོད་པ་དང་། ཐེངས་འདིར་རྒྱ་གར་གྱི་གཞུང་འཛིན་སྲིད་དོན་ཚོགས་པའི་ཚོགས་མིར་དམིགས་བསལ་བཏང་ནས། འཁྲུག་སློང་གི་སྐད་ཆ་བཤད་པ་རྣམས་ནག་གསུབ་དང་བཀག་འགོག་བྱས་མེད་པའི་གནས་ཚུལ་ཐོན་འདུག 

ཟླ་༨ པའི་ཚེས་༡༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༡༤ ཉིན་ཨ་རིའི་བརྒྱུད་ལམ་གྲགས་ཅན་(The Wall Street Journal) གྱིས་གནས་ཚུལ་ཞིག་སྤེལ་ཡོད་འདུག་པ་དང་། གནས་ཚུལ་དེའི་ནང་ངོ་དེབ་ཚོང་ལས་ཁང་གིས། རྒྱ་གར་ནང་ཚོང་ལས་ཀྱི་གྱོང་གུད་མི་ཡོང་བའི་ཆེད་དུ། གཞུང་འཛིན་སྲིད་དོན་ཚོགས་པ་བྷི་ཇེ་བྷི་ཡི་སྲིད་དོན་མི་སྣས། ངོ་དེབ་དྲ་ཐོག་ཏུ་ཆོས་ལུགས་མཐུན་སྒྲིལ་གཏོར་བཤིག་དང་འཁྲུག་རྐྱེན་སློང་བའི་སྐད་ཆ་བཤད་ཀྱང་། དེ་དག་ནག་གསུབ་མ་བཏང་བ་མ་ཟད། མི་སྣ་དེ་དག་ངོ་དེབ་ནས་བཀག་འགོག་བྱས་མེད་པའི་གནས་ཚུལ་ཐོན་འདུག 

དེ་ཡང་ངོ་དེབ་ཚོང་ལས་ཁང་གི་ད་ཡོད་དང་འདས་པའི་ལས་བྱེད་ཚོས་བརྗོད་དོན་ལ་གཞིགས་ན། དེ་སྔོན་རྒྱ་གར་གྱི་གཞུང་འཛིན་སྲིད་དོན་ཚོགས་པའི་ཚོགས་མི་དང་འགོ་ཁྲིད་ཁོངས་སུ་ཡོད་པའི་མི་སྣ་ཁག་ཅིག་གིས། རྒྱ་གར་ནང་གི་ཁ་ཆེ་མི་རིགས་དང་། དེ་བཞིན་རྒྱ་གར་གྱི་མི་སེར་ཐོབ་ཐང་གི་ཁྲིམས་གསར་པར་ངོ་རྒོལ་ལས་འགུལ་བ། ཁ་ཆེ་རུང་གྷེ་ཡ་མི་རིགས་སྐྱབས་བཅོལ་བ་སོགས་ལ་འཁོན་སེམས་ཀྱི་ཐོག་ནས། འཁྲུག་སློང་གི་སྐད་ཆ་བཤད་པ་དང་གཏམ་བཤད་སྤེལ་བ་རྣམས་དྲ་ཐོག་ཏུ་བཞག་སྐབས། ངོ་དེབ་ཚོང་ལས་ཁང་གི་སྲིད་བྱུས་ལྟར་ན། མི་སྣ་དེ་དག་སྤྱི་ཚོགས་དྲ་ལམ་དེ་ནས་བཀག་འགོག་བྱེད་པའི་ལས་དོན་ལ། རྒྱ་གར་ནང་གི་དེབ་ཚོང་ལས་ཁང་གི་སྤྱི་དམངས་སྲིད་བྱུས་འགན་འཛིན་མཐོ་ཤོས་ཀྱིས་ཐེ་བྱུས་བྱས་ཏེ། དམིགས་བསལ་བཏང་ནས་བཀག་འགོག་བྱས་མེད་པའི་གནས་ཚུལ་ཐོན་འདུག

གནས་ཚུལ་དེ་སྤེལ་རྐྱེན་རྒྱ་གར་གྱི་ཕྱོགས་འགལ་སྲིད་དོན་ཚོགས་པ་ཀོང་རི་སེའི་འགོ་ཁྲིད་ཚོས། ངོ་དེབ་ཚོང་ལས་ཁང་གི་བྱེད་ལས་དེར་སྐྱོན་བརྗོད་བྱེད་བཞིན་འདུག་པ་དང་། བྷི་ཇེ་བྷི་སྲིད་དོན་ཚོགས་པ། འཁྲུག་རྐྱེན་སློང་མཁན་གྱི་སྲིད་དོན་མི་སྣ་བཅས་ནས་བརྒྱུད་ལམ་ཁག་གི་དྲི་བར་ལན་འདེབས་གང་ཡང་བྱས་མེད་འདུག 

ངོ་དེབ་ཚོང་ལས་ཁང་གི་བྱེད་ལས་དེ་དང་འབྲེལ་བའི་གནས་ཚུལ་སྤེལ་རྗེས། སྲིད་དོན་མི་སྣ་ཞིག་གི་རྩོད་རྙོག་ཅན་གྱི་སྐད་ཆ་ཁག་ཅིག་དྲ་ཐོག་ནས་ནག་གསུབ་བཏང་ཡོད་པ་རེད་འདུག 

རྒྱ་གར་ནང་ངོ་དེབ་བེད་སྤྱོད་གཏོང་མཁན་མི་མང་ས་ཡ་༣༠༠ ལྷག་ཡོད་འདུག་པ་དང་། ཚོང་ལས་ཁང་དེས་གཉེར་བཞིན་པའི་ཝ་ཛེ་ཨེབ་འཕྲིན་ཐུང་མཉེན་ཆས་བཀོལ་སྤྱོད་བྱེད་མཁན་ས་ཡ་༤༠༠ ལྷག་ཡོད་ཁར། རྒྱ་གར་ནང་དུ་དྲ་ཐོག་ཏུ་དངུལ་སྤྲོད་ལེན་གྱི་ཚོང་དོན་གཉེར་འདོད་ཡོད་འདུག་པས། ད་ལྟའི་ཆར་རྒྱ་གར་དབུས་གཞུང་གི་ཆོག་མཆན་ཐོབ་ཐབས་བྱེད་བཞིན་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།