ངོ་དེབ་བཀོལ་སྤྱོད་པའི་གནས་ཚུལ་རྒྱ་ནག་གི་ཚོང་ལས་ཁང་ལ་མཁོ་སྤྲོད་བྱས་ཡོད་འདུག
འཛམ་གླིང་ནང་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཆེ་ཤོས་ངོ་དེབ་ཚོང་ལས་ཁང་གིས། རྒྱ་ནག་གི་གློག་ཆས་ཚོང་ལས་ཁང་བཞི་ལ། ངོ་དེབ་བཀོལ་སྤྱོད་བྱེད་མཁན་རྣམས་ཀྱི་གནས་ཚུལ་མཁོ་སྤྲོད་བྱས་པའི་གནས་ཚུལ་ཕྱིར་ཐོན་ནས་ངོས་ལེན་བྱས་འདུག་པ་དང་། དེའི་ནང་ཚོང་ལས་ཁང་གཅིག་ནི་ཨ་རིའི་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བརྩི་བཞིན་པ་ཞིག་ཡིན་འདུག

ཟླ་༦ པའི་ཚེས་༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ནིའུ་ཡོག་དུས་བབ་ཀྱིས་ཞིབ་འཇུག་བྱས་པ་བརྒྱུད། འདས་པའི་ལོ་མང་རིང་ངོ་དེབ་ཀྱིས་གློག་ཆས་ཚོང་ལས་ཁང་མང་པོ་ཞིག་དང་མཉམ་དུ་གྲོས་མཐུན་ལ་མིང་རྟགས་བཀོད་ནས་ངོ་དེབ་བཀོལ་སྤྱོད་བྱེད་མཁན་མི་མང་གི་གནས་ཚུལ་ཁོང་ཚོར་མཁོ་སྤྲོད་བྱེད་བཞིན་ཡོད་པའི་གནས་ཚུལ་བཏོན་རྗེས། ངོ་དེབ་ཀྱིས་དེ་སྔོན་ཁ་པར་ནང་དུ་ངོ་དེབ་བཀོལ་སྤྱོད་བྱེད་པའི་ཆ་རྐྱེན་འཛོམས་པོ་མེད་ཁར། མཉེན་ཆས་ཁང་(App Store)མེད་སྐབས་སུ། གློག་ཆས་ཚོང་ལས་ཁང་༦༠ ཙམ་ལ་ངོ་དེབ་མཉེན་ཆས་བཀོལ་སྤྱོད་བྱེད་པར་སྟབས་བདེ་བཟོ་ཆེད་དུ། ངོ་དེབ་བཀོལ་སྤྱོད་མཁན་གྱི་གནས་ཚུལ་མཁོ་སྤྲོད་བྱེད་པའི་གྲོས་མཐུན་བྱས་ཡོད་སྐོར་ངོས་ལེན་བྱས་འདུག གྲོས་མཐུན་འཇོག་ཡུལ་ཚོང་ལས་ཁང་༦༠ ཡི་ནང་ནས་རྒྱ་ནག་གི་ཚོང་ལས་ཁང་༤ ཡོད་འདུག་པ་དང་། དེའི་ནང་ནས་ཁ་པར་ཚོང་ལས་ཁང་ཧུ་ཝེ་(Huawei)ཡོད་འདུག་ཅིང་། ཚོང་ལས་ཁང་དེ་ནི་ཨ་རིའི་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་བརྩིས་ནས། བཀག་འགོག་བྱེད་ཐབས་བྱེད་བཞིན་ཡོད་འདུག
ཧུ་ཝེ་ཚོང་ལས་ཁང་དེ་ནི་འཛམ་གླིང་ནང་ཁ་པར་བཟོ་སྐྲུན་བྱེད་མཁན་ཚོང་ལས་ཁང་ཆེ་ཤོས་གསུམ་པ་དེ་ཡིན་འདུག་པ་དང་། ཨ་རི་གཙོས་པའི་འཛམ་གླིང་གང་སར་ཁ་པར་དེ་བེད་སྤྱོད་བྱེད་མཁན་ཡོད་འདུག་ཀྱང་། ཨ་རིས་རྒྱ་ནག་གཞུང་གིས་ཚོང་ལས་ཁང་དེའི་ཁ་པར་དང་གློག་ཆས་གཞན་བེད་སྤྱད་ནས། གསང་བའི་གནས་ཚུལ་མཁོ་སྒྲུབ་བྱེད་ཀྱི་ཡོད་པའི་ཉེས་འཛུགས་བྱས་ཏེ། ཨ་རིའི་ནང་ཚོང་ལས་ཁང་དེའི་ཐོན་རྫས་བཀག་འགོག་བྱེད་བཞིན་ཡོད་པ་དང་། ཉེ་བའི་ཆར་ཚོང་ལས་ཁང་དེས་ཨ་རིའི་ཁ་པར་ཚོང་ལས་ཁང་ཞིག་ཉོ་ཐབས་བྱེད་སྐབས། ཨ་རིའི་གཞུང་གིས་བཀག་འགོག་བྱས་ཏེ་ལམ་ལྷོངས་བྱུང་མེད་པ་རེད་འདུག
ངོ་དེབ་ཀྱིས་ཚོང་ལས་ཁང་དེ་དག་དང་བཞག་པའི་གྲོས་མཐུན་རྣམས་ཕྱིར་འཐེན་བྱེད་འགོ་བཙུགས་ཟིན་པ་དང་། བདུན་ཕྲག་འདིའི་ནང་རྒྱ་ནག་གི་ཚོང་ལས་ཁང་དང་གྲོས་མཐུན་དེ་མཚམས་འཇོག་རྒྱུ་ཡིན་སྐོར་བསྒྲགས་འདུག
དེ་སྔོན་ངོ་དེབ་ཀྱིས་རྒྱལ་སྤྱིའི་ནང་འོས་བསྡུའི་གྲུབ་འབྲས་བརྒྱུད་སྐུལ་བྱེད་མཁན་ཚོང་ལས་ཁང་ཞིག་ལ། ངོ་དེབ་བཀོལ་སྤྱོད་བྱེད་མཁན་གྱི་གནས་ཚུལ་མཁོ་སྤྲོད་བྱས་པའི་གནས་ཚུལ་ཕྱིར་ཐོན་བྱུང་ནས་གླེང་སློང་དང་སྐྱོན་བརྗོད་ཤུགས་ཆེན་བྱུང་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།
