ཆབ་སྲིད་བཙོན་པ་དོན་གྲུབ་དབང་ཆེན་གློད་གྲོལ།
ཆབ་སྲིད་བཙོན་པ་དོན་གྲུབ་དབང་ཆེན་གྱི་དུས་བཀག་བཙོན་འཇུག་ཚང་བ་དང་། རྒྱ་ནག་གི་ཉེན་རྟོག་མི་སྣས་བོད་ཨ་མདོ། བ་ཡན་རྫོང་། ཁོ་ཚེ་སྡེ་པའི་ནང་དུ་བསྐྱལ་ཡོད་འདུག
དོན་གྲུབ་དབང་ཆེན་གྱིས་༢༠༠༨ ལོར་བོད་ནང་གི་མི་ལ་ཨོ་རྩལ་འགྲན་ཚོགས་སྐོར་དང་། བོད་ཀྱི་གནས་བབས་སྐོར་ལ་བཅར་འདྲི་བྱས་ཏེ། དངོས་བྱུང་གློག་བརྙན་ “འཇིགས་བྲལ་”བཟོས་པར་བརྟེན། ཁོང་ལོ་དེར་རྒྱ་ནག་གི་ཉེན་རྟོག་པས་འཇུ་བཟུང་བྱས་ཏེ། ཆབ་སྲིད་ཀྱི་ཉེས་མིང་འོག ལོ་ ༦ གི་དུས་བཀག་ཁྲིམས་ཆད་བཏང་ཡོད་པ་དང་། ༢༠༡༤ ལོའི་ཕྱི་ཟླ་༦ ཚེས་༥ ཉིན་བཙོན་འཇུག་གི་དུས་ཡུན་རྫོགས་སྟེ། གློད་གྲོལ་བཏང་བ་ཞིག་ཡིན་འདུག
ཁོང་གློད་གྲོལ་སྐབས་ཡུལ་མི་ཉེ་འབྲེལ་ཚོས་ཕེབས་བསུ་གྲ་སྒྲིག་བྱས་ཡོད་ནའང་། རྒྱ་གཞུང་གི་ཉེན་རྟོག་པས་ཕེབས་བསུ་བཀག་འགོག་བྱས་ཏེ། ནང་དུ་བསྐྱལ་ཡོད་འདུག
ཁོང་གི་གཟུགས་པོའི་གནས་སྟངས་ད་ལྟ་ག་འདྲ་ཡིན་ཤེས་རྟོགས་ཐུབ་མེད་པ་རེད།
“འཇིགས་བྲལ་གློག་བརྙན་བཟོ་རོགས་མགོ་ལོག་འཇིགས་མེད་རྒྱ་གཞུང་གིས་ཐེངས་གསུམ་ལ་བཀག་ཉར་བྱས་མཐར། བྲོས་བྱོལ་ཐུབ་པ་དང་། ༢༠༡༤ ལོའི་ཕྱི་ཟླ་༥ ཟླ་མཇུག་རྒྱ་གར་དྷ་རམ་ས་ལ་རུ་འབྱོར་ཐུབ་ཡོད་པ་རེད།
ཕྱི་ཟླ་༦ ཚེས་༥ ཉིན་སྟེ་ཆབ་སྲིད་བཙོན་པ་དོན་གྲུབ་དབང་ཆེན་གློད་གྲོལ་བཏང་བའི་ཉིན་མོར་དེར། བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག མི་མང་ལ་མགོ་ལོག་འཇིགས་མེད་ཀྱིས་“འཇིགས་བྲལ་”གློག་བརྙན་དང་འབྲེལ་བའི་གཏམ་བཤད་བྱས་ཡོད་པ་རེད།
མགོ་ལོག་འཇིགས་མེད་ཀྱིས་གསུངས་པ་ལྟར་ན། ༢༠༠༨ ལོའི་རྒྱ་ནག་པེ་ཅིང་གི་ཨོ་རྩལ་འགྲན་ཚོགས་གྲ་སྒྲིག་བྱེད་བཞིན་པའི་སྐབས། རྒྱ་ནག་གིས་འཛམ་གླིང་ཐོག་དཔལ་འབྱོར་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཡོད་སྐོར། བོད་ལ་མཚོན་ན་ཆོས་དད་རང་དབང་དང་སྲོལ་རྒྱུན་རིག་གཞུང་རྒྱུན་འཛིན་བྱེད་ཀྱི་ཡོད་སྐོར། ཤེས་ཡོན། དཔལ་འབྱོར་སོགས་ཡར་རྒྱས་བཏང་སྟེ། འཆམ་མཐུན་གྱི་སྤྱི་ཚོགས་ཤིག་ཡིན་སྐོར་གྱི་རྫུན་གཏམ་མང་པོ་བསྒྲགས་པར་བརྟེན། དོན་དངོས་སུ་བོད་མི་མང་གི་སེམས་ནང་དུ་བསམ་ཚུལ་ག་རེ་ཡོད་མེད་སྐོར་དྲིས་ན་ཤེས་ས་རེད་བསམ་ནས། ཁོང་གིས་ཁམས་ཕྱོགས་དང་། དོན་གྲུབ་དབང་ཆེན་གྱིས་ཨ་མདོ་དང་། དབུས་གཙང་ཁུལ་དུ་བསམ་ཚུལ་བསྡུ་རྒྱུ་བྱས་པ་ཡིན་སྐོར་དང་། དེ་བསམ་ཚུལ་ཙམ་བསྡུས་པ་ཁྲིམས་འགལ་གང་ཡང་མིན་ནའང་། རྒྱ་ནག་ལ་ཁྲིམས་ཡོད་པ་མ་རེད། བཀའ་བསྒྲགས་རྒྱུ་ཁོ་ན་ཡིན་སྐོར་དང་། བཅར་འདྲི་བྱས་པའི་མི་མང་བསྡོམས་པའི་༡༠༨ ཙམ་ཡོད་སྐོར་འགྲེལ་བརྗོད་བྱས་སོང་།
དེ་བཞིན་བོད་ནང་དུ་གླུ་ལེན་རྒྱུ་དང་། ཚོང་ལས། རྩོམ་འབྲི། ཆོས་ལུགས་སོགས་ལ་རྒྱ་ནག་གིས་རང་དབང་གང་ཡང་སྤྲོད་རྒྱུ་མེད་སྐོར་འགྲེལ་བརྗོད་གནང་བ་དང་། ཁོང་གིས་ཚོང་པ་ལ་མཚོན་ན། ས་དཀར་བཀྲ་ཤིས་དང་། ཀརྨ་བསམ་འགྲུབ་ལྟ་བུ། ཆོས་ལུགས་ཀྱི་ཆ་ནས་ཀུན་གཟིགས་པཎ་ཆེན་ཆུང་སྲིད་ལྟ་བུ། རྩོམ་འབྲིའི་ཆ་ནས་ཐེ་རིང་དང་། ཞོགས་དུང། གཉན། གངས་སྐྱེས་སྒྲུབ་པ་སྐྱབས་ལྟ་བུ། གཞས་པ་དགེ་བྷེ་དང་། ཕུལ་བྱུང་ལྟ་བུ་སོགས་རང་དབང་ལོངས་སུ་སྤྱོད་ཐུབ་ཀྱི་མེད་པའི་དཔེ་མཚན་ཙམ་ཡིན་སྐོར་དང་། ཁོང་ཚོས་མཚོན་པའི་ཆབ་སྲིད་བཙོན་པ་ཚོར་རང་དབང་ཐོབ་ཆེད་གཞུང་དང་ཚོགས་སྡེ་ཚང་མས་ལས་འགུལ་སྤེལ་རྒྱུ་གལ་ཆེན་ཡིན་སྐོར་གྱི་འབོད་སྐུལ་གནང་སོང་།།
