ཆབ་སྲིད་བཙོན་པ་བསོད་ནམས་རྒྱལ་པོ་ལགས་གློད་གྲོལ་བཏང་འདུག
བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་གནས་ཚུལ་མཁོ་སྤྲོད་བྱས་པར་གཞིགས་ན། ཕྱི་ལོ་༢༠༡༧ ཟླ་ ༨ པའི་ཚེས་༢༧ ཉིན་བོད་ཀྱི་ཆབ་སྲིད་བཙོན་པ་བསོད་ནམས་རྒྱལ་པོ་ལགས་གློད་གྲོལ་བཏང་ཡོད་པ་རེད་འདུག
བསོད་ནམས་རྒྱལ་པོ་ལགས་ནི་ད་ལྟའི་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་གཏོགས་ཀྱི་ལྷོ་ཁ་ས་ཁུལ་སྣ་དཀར་བརྩེ་རྫོང་ཡར་འབྲོག་ཁུལ་ནས་ཡིན་པ་དང། ཕྱི་ལོ་༡༩༨༧ ལོའི་ཟླ་༩ ཚེས་༢༧ ཉིན་གྱི་ཞི་རྒོལ་ལས་འགུལ་ནང་མཉམ་ཞུགས་བྱས་པའི་རྐྱེན་གྱིས་མི་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང། དེ་རྗེས་ཡང་བསྐྱར་ཕྱི་ལོ་༡༩༩༢ ལོའི་ཟླ་༧ པའི་ནང་འཇུ་བཟུང་གིས་ལོ་གཅིག་ལྷག་ཙམ་བཙོན་འཇུག་བྱས་པ་དང། དེ་རྗེས་ཕྱི་ལོ་༢༠༠༦ ལོར་ཡང་བསྐྱར་འཇུ་བཟུང་གིས་མི་ལོ་བཅུ་གཉིས་ཀྱི་ཁྲིམས་ཐག་བཅད་པ་བཅས་ཁོང་གི་སྔ་རྗེས་སུ་བོད་ཀྱི་བསྟན་སྲིད་མི་རིགས་ཀྱི་དོན་དུ་མི་ལོ་བཅུ་དྲུག་ལྷག་ཙམ་བཙོན་ཁང་ནང་སྡུག་སྦྱོང་མྱངས་ཡོད་པ་དང། ཕྱི་ལོ་༢༠༡༧ ལོའི་ཟླ་༨ པའི་ཚེས་ ༢༧ ཉིན་གློད་གྲོལ་བཏང་ཡོད་ནའང། ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་སོགས་གང་འདྲ་ཡིན་མིན་ད་ལྟ་ཞིབ་ཕྲའི་གནས་སྟངས་སོགས་ཅི་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
