ཆབ་སྲིད་བཙོན་པ་བློ་བཟང་བསྟན་པ་གློད་གྲོལ།
ཟླ་འདིའི་ཚེས་༦ ཉིན་གྱི་སྔ་དྲོ་ཆབ་སྲིད་བཙོན་པ་བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་བསྟན་པ་རྒྱ་ནག་གིས་བཙོན་ནས་གློད་གྲོལ་བཏང་སྟེ། ནང་དུ་འབྱོར་ཡོད་འདུག
ཁོང་གིས་ཕྱི་ལོ་༢༠༡༤ ལོའི་ཕྱི་ཟླ་ ༡༡ ཚེས་ ༧ ཉིན་རྔ་བ་རྫོང་གི་ཁྲོམ་གཞུང་དུ། མགོ་ལ་བོད་ཀྱི་རྒྱལ་དར་བྲིས་མ་ཞིག་དཀྲིས་ཤིང་། ལག་ཏུ་༧གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་བཟུང་ནས་རྔ་བ་རྫོང་གི་གཞུང་ལམ་དུ། རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་པར་བརྟེན། རྒྱ་ནག་གིས་བཙོན་འཇུག་བྱས་པ་ཞིག་ཡིན་འདུག
ཁོང་ལ་རྒྱ་ནག་གཞུང་གིས་རྒྱལ་ཁབ་ལ་ངོ་ལོག་གི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག ཁྲིམས་རར་ནང་མི་དང་ཁྲིམས་རྩོད་པ་གཅིག་ཀྱང་ཡོང་མ་བཅུག་ནས་ལོ་ ༢ གྱིབཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།
གྲྭ་བློ་བཟང་བསྟན་པ་ནི་བོད་མདོ་སྨད་རྔ་པ་རང་སྐྱོང་ཁུལ། རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པ་ནས་ཡིན་ཞིང་། ཕ་ངག་ཆུང་དང་མ་སྒྲོལ་མ་ཆོས་ཁོ་གཉིས་ཀྱི་བུ་ཆུང་བ་ཡིན་འདུག ངོ་རྒོལ་ཁྲོམ་སྐོར་བྱེད་སྐབས་ལོ་༡༩ ཡིན་པ་དང་། ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་གྲྭ་པ་བྱས་ཡོད་འདུག སྐབས་དེར་རྔ་པ་ཀིརྟི་དགོན་པའི་ནང་བསྟན་སྔོན་འགྲོའི་སློབ་གྲྭའི་འཛིན་གྲྭ་དགུ་པ་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།