ཆབ་སྲིད་བཙོན་ཟུར་རྒན་བསྟན་འཛིན་ཆོས་གྲགས་སྐུ་གྲོངས། 

བོད་ཀྱི་ཆབ་སྲིད་བཙོན་ཟུར་རྒན་གྲས་སུ་གཏོགས་པའི་རྒན་བསྟན་འཛིན་ཆོས་གྲགས་དགུང་ལོ་༧༩ ཐོག་བཞུགས་སྒར་དྷ་སའི་བདེ་ལེགས་སྨན་ཁང་དུ་སྐུ་གྲོངས་འདུག

ཁོང་ནི་ཕྱི་ལོ་༡༩༤༡ ལོར་མདོ་ཁམས་ནགས་ཤོད་འབྲི་རུ་རྫོང་ཁོངས་སུ་སྐུ་འཁྲུངས་ཤིང་། དགུང་ལོ་བཅུ་ལ་རབ་བརྟན་དགོན་དུ་ཆོས་ཞུགས་གནང་། དགོན་པར་ཞུགས་ནས་ཡུན་རིང་མ་སོང་གོང་རྒྱ་མིའི་དབང་སྒྱུར་དང་བཙན་ཤེད་འོག་དགོན་པ་དེ་གའི་དགེ་འདུན་པ་ཁག་ཅིག་དང་ལྷན་དུ་བྱང་དུ་ཚ་ལ་བརྐོ་བར་ཕེབས་དགོས་བྱུང་། 

ཕྱི་ལོ་༡༩༦༩ ལོར་འབྲི་རུ་རྫོང་ཡོངས་སུ་རྒྱ་རྒོལ་སྒེར་ལངས་གཞི་རྒྱ་ཆེན་པོ་ཞིག་(མི་མང་གི་ཁྲོད་རྒྱ་ནག་གིས་བཏགས་པའི་མིང་སྟེ་“རེ་དགུ་ལོའི་ཟིང་འཁྲུག་”ཟེར་)བྱུང་བའི་ནང་ཁོང་ཡང་ཞུགས་ནས་རྒྱ་དམག་དང་འཐབ་འཛིང་བྱས་ན་ཡང་། འབྲི་རུའི་སྒེར་ལངས་ཆེན་པོ་དེར་ཕམ་ཉེས་བྱུང་སྟེ་སྒེར་ལངས་སྐབས་ཀྱི་དབུ་ཁྲིད་དང་དམག་མི་ཕལ་མོ་ཆེ་རྒྱ་དམག་གིས་བསད་རྨས་དང་འཛིན་བཟུང་བྱས་པ་ལྟར། ཁོང་ཡང་ལོ་དེའི་ཕྱི་ཟླ་༩ ནང་རྒྱ་དམག་གི་འཛིན་བཟུང་འོག་ཏུ་ཚུད། 

ཁོང་གིས་མི་ལོ་༡༡ ལྷག་གི་རིང་རྒྱ་ནག་གི་བཙོན་ཁང་རིམ་པའི་ནང་སྡུག་སྦྱོང་མནར་གཅོད་ཚད་མེད་མྱངས་པའི་མཐར། ཕྱི་ལོ་༡༩༨༡ ཟླ་༤ ནང་བཙོན་གྲོལ་ཐོབ། 

རྒྱ་ནག་གི་བཙོན་ཁང་ནས་གློད་གྲོལ་ཐོབ་རྗེས། ཁོང་གིས་ཕ་ཡུལ་དུ་དགོན་པ་བསྐྱར་བཞེངས་དང་། ལྷ་སར་རི་ཁྲོད་བསྐྱར་གསོ་སོགས་ཀྱི་དགེ་བའི་ལས་འབའ་ཞིག་ལ་འབད་པ་མ་ཟད། ཕྱི་ལོ་༡༩༩༦ ལོར་ཁོང་རྒྱ་གར་དུ་ཕེབས་ནས་བཞུགས་སྒར་དྷ་སར་ལོ་༢༤ ཙམ་གྱི་རིང་ལ་“རྒྱལ་བསྟན་དར་ཞིང་༧གོང་ས་མཆོག་གི་སྐུ་ཚེ་ཞབས་པད་སྲིད་མཐར་བརྟན་པའི་དམིགས་ཡུལ་གཙོ་བཟུང་ཐོག་”ལོ་གསུམ་ཕྱོགས་གསུམ་གྱི་བསྙེན་མཚམས་ཐེངས་གཅིག་མིན་གནང་བ་ལ་སོགས་པའི་དགེ་བའི་ལས་བསྒྲུབས་རྗེས། ཁ་སང་ཕྱི་ཟླ་༧ ཚེས་༢༦ རེས་གཟའ་ཉི་མའི་ཞོགས་པར་བདེ་ལེགས་སྨན་ཁང་དུ་སྐུ་གྲོངས་འདུག 

གཞན་ཡང་། ཁོང་གིས་ཕྱི་ལོ་༢༠༠༤ ལོར་ཁོང་རང་ཉིད་ཀྱི་སྐུ་ཚེའི་བྱུང་བ་དང་མྱོང་ཚོར་སྐོར་གྱི་ཕྱག་དེབ་<<དངོས་མྱོང་མི་ཚེའི་རི་མོ་>>ཞེས་པ་ཞིག་ཀྱང་བརྩམས་ནས་པར་སྐྲུན་གནང་མྱོང་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།