ཆའོ་ཟན་ཏེ—སེམས་ཁྲལ་འདི་ཁྱོད་ལ་ཡང་བྱུང་ངམ།
རྫ་ཚེ་རིང་བཀྲ་ཤིས།
སངས་རྒྱས་ལ་ཕྱག་འཚལ་ལོ།
གཅིག ༽ ཉིན་འདི་གའི་རིང་གི་དྲ་ཐོག་གི་གླེང་གཞི་ཧྲང་ཧྭེ་བུ་མོ་ཆའོ་ཡི་སྐད་ཆ་དང་དེའི་གཏམ་ལན་གྱི་སྐོར་ལ་སྐད་ཆ་ཚིག་གཉིས་བཤད་འདོད་བྱུང་། རང་ཉིད་སྙུ་གུ་འཛིན་མཁན་ཞིག་ཡིན་པའི་ངོས་ནས་བསམ་ན། སྤྱི་ཚོགས་ཀྱི་གླེང་གཞི་དག་གི་ཁ་ཕྱོགས་ལ་བསམ་བློ་གང་ཐུབ་ཀྱིས་གཏོང་གིན་ཡོད། དེ་ནི་སྤྱི་ཚོགས་ལ་འགན་འཁུར་སྟངས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད།
གཉིས། ༽ ཧྲང་ཧྭེ་བུ་མོ་ཆའོ་ཡིས་མཛེས་བརྙན་མེ་ཕའེ་ཟེར་བ་བརྒྱུད་ནས་བོད་མི་རིགས་ལ་དམའ་འབེབས་ཀྱི་ཚིག་ངན་སྨྲས། དེ་ལ་བོད་ཀྱི་གཞོན་སྐྱེས་ཚོས་མཛེས་བརྙན་སྤྱད་དེ་ལན་བརྒྱབ། རྩ་བའི་ཆ་ནས་མི་མང་གི་ངར་ཤུགས་དང་། གཞོན་པ་ཚོས་གཏམ་ལན་ཚང་མ་འགྲིག་པ་ཞིག་རེད། ངས་འདིར་ཆོས་པའི་སྐད་ཆ་སྤྱད་ནས་བཏང་སྙོམས་ཆེན་པོའི་ངང་ལ་གནས་དགོས་པའི་ལྟ་ཚུལ་འདོན་གྱི་མེད། འོན་ཀྱང་ང་ལ་བསམ་ཚུལ་ཞིག་ཡོད།
གསུམ།༽ད་བར་ངས་བརྙན་ལམ་ནས་ལན་འདེབས་ཁག་ཅིག་མཐོང་སོང་། མང་ཤོས་ཡག་པོ་མཐོང་བྱུང་། འོན་ཀྱང་། ང་ཚོའི་བསམ་བློ་དང་མངོན་འདོད་ཀྱི་ལྡོག་ཕྱོགས་སུ་འགྲོ་རྒྱུའི་ཉེན་ཁ་ཡོད་པ་ཁག་ཅིག་འདུག དེ་རིགས་ཀྱིས་མི་རིགས་ཀྱི་ལ་རྒྱ་དང་མཚན་སྙན་སྐྱོབ་རྒྱུའི་ཚབ་ཏུ་མཐོང་སྣང་མ་ལེགས་པ་བསྐྲུན་རྒྱུའི་ཉེན་ཁ་མཐོང་བྱུང་། དེ་ནི་བསམ་བློ་གཏོང་དགོས་པ་ཞིག་རེད།
བཞི།༽བུ་མོ་དེས་སྤྱིར་གྲོང་ཁྱེར་དང་ཁྱད་པར་དུ་ཧྲང་ཧྭེ་ན་ཡོད་མཁན་ཚོར་སྒོར་མོ་ཡོད་ན་ཐམས་ཅད་ཡོད་པ་རེད་ཅེས་ལབ་འདུག འདི་ལ་བཤད་སྟངས་གཞན་ཞིག་ཡོད་རེད། སྒོར་མོ་ཙམ་ལས་གང་ཡང་ལྷག་མེད་མཁན་གྱི་སྤྲང་པོ་ཞེས་པ་དེ་རེད། མོའི་སྐད་ཆ་འདིས་ད་ལྟའི་རྒྱ་ནག་གི་ཆེས་ཡ་ང་བའི་མི་སྤུས་དང་བསམ་བློའི་མུན་ནག་མཚོན་ཡོད། བསམ་བློ་ཅུང་ཟད་ཡོད་མཁན་ཞིག་ཡིན་ན་རྒྱ་བོད་སུ་ཡིན་ནའང་རྣ་བས་ཉན་པ་ཙམ་ཡང་མི་བཟོད་ངེས་ཅན་རེད། ཅིག་བྱས་ན་མོའི་སྐད་ཆ་འདི་བརྒྱུད་ནས་ང་ཚོའི་གཞོན་སྐྱེས་ཚོ་ལ་ཡང་མི་ཡ་རབས་དང་མ་རབས། བསམ་བློའི་སྤུས་ཀ་ཡག་སྡུག་དང་འབྲེལ་བའི་སློབ་གསོ་གང་འཚམས་ཤིག་ཐོབ་ཡོད་སྲིད།
ལྔ།༽ལན་འདེབས་མཁན་ཚོས་ཀྱང་སྐད་ཆ་བཤད་སྟངས། རྣམ་འགྱུར་སྟོན་སྟངས། ཐ་ན་བརྙན་ལམ་བརྒྱུད་ནས་གྲི་རིང་པོ་ཤུབས་ནས་བཏོན་ཏེ་འཇིགས་སྐུལ་བྱེད་པ་དང་། བུ་དང་བུ་མོ་ཞིག་གིས་མི་ལ་དམའ་འབེབས་བྱེད་པའི་དབྱུང་དུ་མི་རུང་བའི་འཁྲིག་ཚིག་དང་འབྲེལ་བ་ཡོད་པའི་ལག་བརྡ་དང་ཚིག་ངན་པ་བེད་སྤྱོད་གཏོང་བ་རིགས་གཅིག་གིས་ང་ལ་སེམས་ཁྲལ་ལངས་བཅུག་བྱུང་། ཁ་ཐུག་ཞུས་ན་གལ་ཏེ་མི་རིགས་གཞན་པ་ཞིག་གིས་བརྙན་འདི་རིགས་མཐོང་ན་དངོས་གནས་གྲོང་གསེབ་པ་དང་གཏུམ་སྤྱོད་ཅན་རེད་འདུག་བསམ་རྒྱུའི་ཉེན་ཁ་འདུག ཤ་ཚ་བའི་གཏམ་ལ་སྙན་པོ་མེད་ན་ཡང་རྗེས་མ་ངེས་པར་བསམ་བློ་གཏོང་དགོས་ངེས་རེད། ཁྱད་པར་དུ་གཞོན་སྐྱེས་ཚོས་སྔར་ཕ་ཡུལ་རྩྭ་ཐོག་གི་གྲི་དང་དཔུང་ཤེད་དེ་ཚོ་མཛེས་བརྙན་མེ་ཕའེ་དང་རྒྱ་སྐད་ཀྱི་ལམ་དུ་བསྐྱལ་ན་ལམ་ཁེ་ཉེན་ཧ་ཅང་ཆེན་པོ་ཡོད་རེད། ང་ཚོས་ཞབས་འདྲེན་ཞུས་ན་དེ་ནི་ཆའོ་ཟན་སྟོང་ལས་ཀྱང་ཐུ་བ་རེད། དེ་ཚོ་སྐབས་འདིའི་དོན་རྐྱེན་དང་འབྲེལ་བའི་ཉེན་བརྡ་གཞན་ཞིག་རེད།
དྲུག༽ཧྲང་ཧྭེ་བུ་མོ་ལ་ང་ཚོས་་བོད་མི་རིགས་ནི་རིག་གཞུང་དང་དད་མོས་ཚང་མའི་ཆ་ནས་མོ་དང་མ་འདྲ་བ་ཡིན་ཞེས་ཁ་གཅིག་གྲགས་ཀྱིས་ལན་བཏབ་ཡོད་རེད། ནང་བསམ་བློའི་སྤུས་ཚད་དང་། ཀུན་སྤྱོད་ཀྱི་འདུ་ཤེས། ཁྲིམས་ལུགས་ཀྱི་འདུ་ཤེས། འགན་འཁྲི་འདུ་ཤེས་ཡོད་པ་བཅས་ཀྱི་ཐོག་ནས་ཕྱུག་པོ་ཡིན་པའི་སྐད་ཆ་བཤད་ཀྱི་ཡོད་པ་རེད། གལ་ཏེ་བོད་ཀྱི་གཞོན་སྐྱེས་དེ་དག་གི་གཏམ་སྤྱོད་དང་རྣམ་འགྱུར་ལས་ང་ཚོ་ལ་ཡོད་པའི་ཡིད་སེམས་འགུལ་བའི་རིག་གནས་ཀྱི་བསམ་བློ་དེ་ཅུང་ཟད་མངོན་ཐུབ་པ་བྱུང་ཡོད་ན་དེ་ནི་དོན་དམ་པའི་བརྡ་ལན་རེད།
བདུན།༽མོ་ལ་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བའི་བསྡིགས་ར་གཏོང་བ་དེ་འགྲིག་ན་ཡང་། སྡིག་ར་གཏོང་མཁན་གྱིས་གྲི་ཁུར་ནས་འཇིགས་སྐུལ་བྱེད་པ་དང་། ཚིག་གང་སྡུག་འཛེམས་མེད་དུ་བེད་སྤྱོད་གཏོང་བ་སོགས་ནི་མ་འགྲིག་པ་རེད། དེས་ནོར་འཁྲུལ་གྱི་ཆ་ཤས་ཤིག་རང་ཉིད་ཀྱིས་དང་ལེན་བྱེད་བཞིན་ཡོད་པ་རེད། ཁྱོད་ཀྱིས་མངོན་གསལ་དོད་པོས་ཁྲིམས་ལས་བརྒལ་བའི་ལས་ཀ་ལ་བརྟེན་ནས་ཕ་རོལ་པོ་ལ་ཁྲིམས་ལུགས་དྲན་བསྐུལ་བྱེད་པ་ནི་མི་ཚོས་བསམ་ན་ཧ་ཅང་ཟུར་ཟ་ཆེན་པོ་ཞིག་རེད་བསམ་གི་རེད། འོན་ཀྱང་ད་ཐེངས་རྒྱལ་ཁབ་ཀྱི་ཁྲིམས་རང་གི་སྐད་ཆ་བཤད་སྟངས་བེད་སྤྱོད་བཏང་བ་འདིས་བཟང་ཕྱོགས་ཀྱི་ནུས་པ་ཞིག་ཀྱང་ཐོན་ཡོད་པ་རེད།
བརྒྱད། ༽ང་ཚོ་བོད་ནི་གླ་གློ་མིན། འགྲོ་སྟངས་ཡོད། ཁྱད་པར་དུ་དད་མོས་དང་ནང་བསམ་བློའི་རིག་གནས་ཡོད་ཟེར་ན། སྐབས་དེར་ཁྱོད་ཀྱི་རྣམ་འགྱུར་གྱིས་ཚད་ངེས་ཅན་གྱི་ཐོག་ནས་བོད་རིགས་ཀྱི་ཚབ་བྱེད་ཀྱི་ཡོད་པ་རེད། མ་གཞི་ང་ཚོ་དད་པ་ཡོད་ཟེར་དུས་ཀུན་སྤྱོད་དང་བསམ་བློའི་རིན་ཐང་གི་འདུ་ཤེས་དང་ཡང་དག་པའི་ཁ་ཕྱོགས་ཡོད་ཅེས་བརྗོད་ཀྱི་ཡོད་པ་འདི་སེམས་ལ་ངེས་དགོས། དེས་ན་ཁྱོད་ཀྱིས་རིན་ཐང་དེ་མ་བརླགས་པའི་ཐོག་ནས་ལན་འདེབས་གནང་རྒྱུ་དེ་འགན་འཁྲི་ཡིན། རིན་ཐང་གི་ལྟ་བ་མ་འདྲ་བ་ཞིག་ཡོད་ས་དེར་ཀུན་སྤྱོད་ཀྱི་འགན་འཁྲི་ཡང་མ་འདྲ་བ་ཞིག་ཡོད་པ་རེད།
དགུ། ༽བོད་ཀྱི་གཞོན་སྐྱེས་ཚོས་སེམས་སུ་ང་བོད་ཡིན་སྙམ་པའི་ཤ་ཞེན་གསེར་འདྲ་བ་ཞིག་ཡོད་པ་དེ་སྐད་ཆ་དག་ལས་རྟོགས་ཐུབ་ན་ཡང་། སྐད་ཆ་བཤད་ན་བཤད་སྟངས་དང་། རླུང་སྟོན་ན་སྟོན་སྟངས། ཐ་སྙད་བེད་སྤྱོད་གཏོང་སྟངས་མང་པོ་ཞིག་ལ་ད་ལྟའི་རྒྱ་ནག་གི་རིག་གནས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པའི་མཐོང་སྣང་བྱུང་། དེ་ནི་ཆའོ་ཟན་གྱི་ངན་དམོད་བརྒྱ་ལས་ཀྱང་ཚབས་ཆེ་བའི་ཉེན་ཁ་ཞིག་རེད། གཞོན་སྐྱེས་ཚོའི་གཏམ་སྤྱོད་ཀྱི་ཁྲོད་ནས་བོད་མི་རིགས་ཀྱི་གོམས་གཤིས་ཀྱི་ཞག་རྩི་དེ་ཅི་ཙམ་ཞིག་ཉུང་དུ་འགྲོ་གིན་ཡོད་པ་དེར་ང་ལ་སེམས་ཁུར་བྱུང་། ངས་འདིར་ལབ་བཞིན་པའི་ཞག་རྩི་དང་གོམས་གཤིས་ནི་ལར་ཞེན་ཙམ་དང་གཅིག་པ་མ་རེད། དེ་ནི་ཁྱོད་ཀྱི་མིག་གི་འོད་མདངས་དང་སྐད་ཆའི་རྣམ་འགྱུར་སོགས་ལས་རང་ཤུགས་ཀྱིས་མངོན་པའི་ཐུན་མོང་མ་ཡིན་པའི་སྣང་ཚུལ་ཞིག་རེད།
ང་དུས་རྒྱུན་ཐའེ་ཝན་དང་ཨོ་སི་ཁྲི་ལི་ཡ་སོགས་ནས་སྤུས་ཀ་ཡག་པོ་ཡོད་པའི་རྒྱ་རིགས་ཀྱི་སྤྱི་ཚོགས་དང་རྒྱ་ནག་སྐམ་ས་ཆེན་པོའི་རྒྱ་རིགས་གཉིས་ཀྱི་མི་འདྲ་བའི་བར་ཁྱད་ལ་མཚུངས་བསྡུར་གྱི་གོ་སྐབས་མང་པོ་ཡོང་གི་ཡོད། དེའི་ཐད་ང་ལ་གོ་རྟོགས་འདང་ངེས་ཡོད། སྡུག་ས་ནས་བཤད་ན་རང་རེའི་གཞོན་སྐྱེས་དག་གི་བཀའ་མོལ་གནང་སྟངས་དང་རྣམ་འགྱུར་སྟོན་སྟངས་འགའ་ཞིག་ལ་འཛམ་གླིང་གི་མིའི་ནང་གི་སྤུས་ཀ་སྡུག་ཤོས་གྲས་སུ་བརྩི་བཞིན་པའི་རྒྱ་ནག་གི་རྒྱ་མི་དག་གི་ཤུགས་རྐྱེན་མངོན་གསལ་ཧ་ཅང་མངོན་གསལ་དོད་པོ་འདུག
བཅུ།༽མི་རིགས་བར་ལ་མཐུན་ལམ་དང་འགྲོག་འབྲེལ་སོགས་དགོས་ངེས་ཅན་ཡིན་ན་ཡང་། རང་གི་ངོ་ཚབ་མཚོན་པའི་བསམ་བློ་དང་གོམས་གཤིས་གང་ཡིན་པ་དེ་ངེས་པར་དུ་བདག་ཉར་ཡག་པོ་དགོས། དེང་སང་ཐོད་བརྒལ་གྱིས་དྲ་ལམ་དུ་ཞུགས་མཁན་དག་གིས་ནི་དེ་བས་ཀྱང་། དྲ་ཐོག་གི་ཀུན་སྤྱོད་ཀྱི་ཕྱོགས་ལ་བསམ་བློ་ཡག་པོ་ཞིག་གཏོང་དགོས་པ་འདུག
མདོར་ན། ད་ནས་ང་ཚོས་ཆའོ་ཟན་ལ་ཁ་གཏད་གཅོག་དགོས་ན། གོ་མེད་ཚོར་མེད་དུ་འབོར་བཞིན་པའི་རང་ཉིད་ཀྱི་བླ་སྲོག་འཚོལ་དགོས། བཀའ་མོལ་འཇམ་རྩུབ་ག་འདྲ་གནང་ནའང་ཆོག ཆེ་མཐོང་ལྡན་པའི་རྣམ་འགྱུར་དང་བསམ་བློ་ནི་ཧ་ཅང་མེད་དུ་མི་རུང་བ་ཞིག་རེད། ངས་གོང་དུ་བཤད་པའི་སེམས་ཁྲལ་འདི་ཕལ་ཆེར་ཁྱེད་ལའང་གཅིག་མཚུངས་སུ་བྱུང་ཡོད་སྲིད།