ཆུ་བཞི་སྒང་དྲུག་གི་བཞུད་ལམ།

མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་ཕྱི་ལོ་༡༩༥༨ ཟླ་༦ ཚེས་༡༦ ཉིན་བོད་ལྷོ་ཁ་ལྕགས་ཚ་གྲུ་གུ་ཐང་དུ་དབུ་བརྙེས་པ་དང་། ད་བར་མི་ལོ་༦༥ ཧྲིལ་པོ་འཁོར་ཡོད། ཚོགས་པ་དེ་ཐོག་མར་འཛུགས་སྐབས་གཙོ་འཛིན་ཨ་འབྲུག་སྦྱིན་བདག་མགོན་པོ་བཀྲ་ཤིས་ཀྱིས་སྣེ་ཁྲིད་གནང་ཞིང་། སྐབས་དེར་ལྷ་སར་གནས་སྡོད་མདོ་ཁམས་ཀྱི་ཚོང་པ་འབྱོར་ལྡན་ཁག་ཅིག་དང་གཞན་མི་སྐྱ་གང་མང་། གདན་ས་སེ་འབྲས་དགེ་གསུམ་གྱི་དགེ་འདུན་པ་བཅས་ཀྱིས་གྲུབ་ཡོད། སྐབས་དེར་རྒྱ་དམར་གཞུང་གི་ལྷོ་བྱང་གཉིས་ཀྱི་དམག་དཔུང་བོད་དུ་སླེབས་ནས། བོད་གཞུང་དགའ་ལྡན་ཕོ་བྲང་ཡང་ཕྱི་ནང་གང་ས་ནས་རྒྱ་གཞུང་གིས་སྟངས་འཛིན་བྱ་རྒྱུའི་གྲ་སྒྲིག་ལ་གདོང་ལེན་ཆེད་ཡིན་འདུག ༧གོང་ས་མཆོག་གི་སྐུའི་ཡོངས་འཛིན་སྐུ་གཞོན་༧སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་ཅེས་མིང་བཏགས་གནང་བ་དེར་ཡང་། དོན་དུ་མདོ་ཁམས་ཁུལ་གྱི་མི་མང་ཡིན་པ་ལས་བོད་གཞུང་དང་འབྲེལ་བ་མེད་པའི་རྣམ་པ་སྟོན་ཆེད་དུ་དམིགས་ཡོད་པ་རེད། སྐབས་དེ་དུས་གཙོ་བོ་ལྷོ་བྱང་ཀོ་རི་ཡའི་དམག་འཁྲུག་དང་དུས་ཚོད་གཅིག་པ་ཡིན་པས་རྒྱལ་སྤྱིའི་ཐོག་ནས་དོ་སྣང་མང་བ་དེའི་ཕྱོགས་སུ་ཤོར་བ་དང་། ཕྱོགས་གཅིག་ནས་ཕྱི་ལོ་༡༩༥༡ ལོར་རྒྱ་དམར་གཞུང་དང་མཉམ་དུ་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཞག་ཟིན་པས། འཛམ་གླིང་ཤར་ནུབ་ཀྱི་ཆབ་སྲིད་མི་སྣ་མང་པོ་ཞིག་གི་མིག་ནང་དུ་རྒྱ་དམར་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་ནི། རྒྱ་ནག་གི་ནང་སྲིད་གནད་དོན་ཙམ་དུ་མཐོང་ནས་ཡ་ལན་དང་རྒྱབ་སྐྱོར་བྱེད་མཁན་མ་བྱུང་བ་རེད། ཕྱི་ལོ་༡༩༥༧ ཟླ་༧ པའི་ནང་ལི་ཐང་ཨ་ཐར་ནོར་བུ་དང་། ལི་ཐང་ག་ཟི་བློ་ཚེ་གཉིས་ཨ་རིའི་གསང་བའི་ལས་ཁུངས་ཀྱི་གནམ་གྲུ་ལས་བོད་ཀྱི་ལྷོ་ཁ་བསམ་ཡས་ཀྱི་ཉེ་འགྲམ་དུ་མཆོངས་བབས་བྱས་ཡོད་པ་དང་། ཁོང་གཉིས་ལ་མཚོན་ན་བོད་ཀྱི་ལོ་རྒྱུས་ཐོག་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་ཙམ་མ་ཡིན་པར་བོད་མི་ཞིག་གནམ་གྲུ་ལས་ས་ལ་མཆོངས་པ་ཐོག་མ་ཡིན་པའི་ལོ་རྒྱུས་ཀྱི་ཟིན་ཐོར་བཀོད། འོན་ཀྱང་སྐབས་དེར་སྡེ་པ་གཞུང་གིས་རྒྱ་གཞུང་ལ་བསྟུན་མཁས་བྱེད་བཞིན་ཡོད་པས་ལས་དོན་འདོད་བློ་ཚིམ་པ་ཞིག་སྒྲུབ་པའི་ཁོར་ཡུག་བྱུང་མེད། ཁོང་གཉིས་ཀྱིས་ཨ་རིའི་གཞུང་ལ་ཏར་འཕྲིན་བརྒྱུད་འབྲེལ་བ་གང་མང་བྱས་ཀྱང་དུས་ཐོག་རོགས་རམ་མ་ཐོབ་པའི་དཀའ་ངལ་བྱུང་ཞིང་། ཕྱིས་སུ་གནས་ཚུལ་རྣམས་ར་སྤྲོད་བྱུང་རྗེས་གོ་མཚོན་དང་རོགས་རམ་ཐེངས་གཉིས་ཙམ་གནམ་ཐོག་ནས་གཡུགས་ཀྱང་། ཆུ་སྒང་དམག་མིར་དམིགས་བསལ་སྦྱོང་བརྡར་མེད་པས། དམག་སྦྱོང་དང་དེང་དུས་ཀྱི་གོ་མཚོན་སོགས་ཚད་ལྡན་ཡོད་པའི་རྒྱ་ནག་གོ་མིན་ཏང་གི་ཁྲི་དམག་བརྒྱད་བརྒྱ་ཕམ་པར་བཏང་ཟིན་མ་ཐག་པའི་དམར་ཤོག་གི་དམག་དཔུང་ལ་ཁ་གཏད་གཅོག་མི་ཐུབ་པ་ནི་སུས་བལྟས་ཀྱང་གསལ་པོར་གྱུར་ཡོད། འོན་ཀྱང་སྐབས་དེར་ཆུ་སྒང་དམག་དཔུང་གིས་རྒྱ་དམར་གཞུང་ལ་འཐབ་འཛིང་གང་མང་བྱས་ནས་ལྷོ་ལམ་གཙང་སེལ་ཐུབ་པ་བྱུང་ཡོད་པ་དང་། ༧གོང་ས་མཆོག་དང་ཡབ་གཞིས་སྐུ་འཁོར། བཀའ་ཤག་དང་བོད་གཞུང་གི་མཛད་གཙོ་རྣམ་པ། ༧རྒྱལ་དབང་ཀརྨ་པས་གཙོས་པའི་བླ་ཆེན་གང་མང་ཞིག་སྐུ་ལ་ཉེ་ཞོ་གང་ཡང་མེད་པར་བཙན་བྱོལ་དུ་ཕེབས་ཐུབ་པ་བྱུང་བ་ནི། སྐབས་དེའི་གནས་སྟངས་ལ་བལྟས་ན་གྲུབ་འབྲས་ཧ་ལས་དགོས་པ་ཞིག་ཏུ་གྱུར་ཡོད། ༧གོང་ས་མཆོག་སྐུ་འཁོར་དང་བཅས་མོན་གྱི་ས་ཆ་ཆུ་དྭངས་མོ་བརྒྱུད་རྒྱ་གར་ལ་ཞབས་སོར་འཁོད་སྐབས། ཆིབས་ཞབས་སུ་ཡོད་པའི་ཆུ་བཞི་སྒང་དྲུག་གི་དམག་མི་རྣམས་བསྐྱར་དུ་རྒྱ་དམག་ལ་འཐབ་འཛིང་ཆེད་བོད་དུ་ཕྱིར་ལོག་བྱས། ༧གོང་ས་མཆོག་གིས་སྐབས་དེར་ཨ་འབྲུག་མགོན་པོ་བཀྲ་ཤིས་ལ་ཛ་སག་གི་གོ་མིང་ཞིག་གནང་ཡང་། ཨ་འབྲུག་མགོན་པོ་བཀྲ་ཤིས་རྒྱ་དམར་དང་འཐབ་འཛིང་ཆེད་ས་གནས་གཞན་དུ་བསྐྱོད་ནས་དངོས་སུ་བཅར་ཐུབ་མེད། སྐབས་དེར་དམག་མི་རྣམས་ལ་གོ་ལག་ཆ་དང་། སྦྱོང་བརྡར་དེ་ཙམ་མེད་ནའང་། བློས་གཏོང་དང་ཆོད་སེམས་ཀྱི་ཐོག་ནས་གསེར་ཡིག་གིས་འབྲི་འོས་པའི་ལོ་རྒྱུས་བསྐྲུན་ཡོད། ཤི་འཕྲོ་བརླག་དུམ་ཞིག་བཙན་བྱོལ་དུ་འབྱོར་རྗེས་ཀྱང་ཕལ་ཆེ་བས་གཞིས་ཆགས་དང་རྒྱུ་ནོར་ཆེད་རེ་བ་མ་བརྒྱབས་པར། གློ་དམག་སྒར་གསར་འཛུགས་ཀྱིས་སླར་ཡང་རྒྱ་དམར་གཞུང་ལ་ཁ་གཏད་གཅོག་རྒྱུའི་ཐབས་ཤེས་གང་ཡོད་བྱས་ཡོད་པ་དང་། ད་ལྟའི་དམག་སྒར་ཨང་༢༢ པ་དེ་ཡང་ཆུ་བཞི་སྒང་དྲུག་གི་ས་བོན་ཐོག་ནས་གསར་འཛུགས་བྱས་པ་ཞིག་རེད། མདོར་ན་ད་ལྟ་བཙན་བྱོལ་ནང་བོད་དང་བོད་དོན་གྱི་ཐོག་ནས་གྲུབ་འབྲས་གང་ཡོད་པ་དེ་ཆུ་བཞི་སྒང་དྲུག་གི་བློས་གཏོང་དང་འབྲེལ་བ་མེད་པ་ཞིག་གང་ཡང་མེད་ཅེས་བརྗོད་ཆོག ཕྱིས་སུ་ཆུ་བཞི་སྒང་དྲུག་གི་མིང་ཐོག་ནས་གནས་ཚུལ་དང་གླེང་ཕྱོགས་སྣ་ཚོགས་བྱུང་ཡོད་ཀྱང་། བཙན་བྱོལ་སྤྱི་ཚོགས་ཀྱི་ཁོར་ཡུག་དང་ཆབ་སྲིད་ཀྱི་ལངས་ཕྱོགས་གང་ཐད་ནས་གྲུབ་འབྲས་དང་རེ་བ་ཆེན་པོ་རྒྱག་ཡུལ་ཞིག་ལྷག་མེད་པས། དམིགས་བསལ་ཆུ་བཞི་སྒང་དྲུག་ལའང་ཐོག་མའི་དམིགས་ཡུལ་བཞིན་ལས་དོན་བསྒྲུབ་རྒྱུའི་ནུས་པ་ཡོད་མེད་བརྗོད་དཀའ་ལ། ཁོར་ཡུག་དང་གོ་སྐབས་མེད་པ་ནི་དེ་བས་ཀྱང་གསལ་པོར་གྱུར་ཡོད། ད་ལྟའི་ཆར་རྒྱ་གར་གཞུང་ལ་ཁྲིམས་ཐོག་ནས་སྤྱི་ཚོགས་བདེ་དོན་གྱི་ངོ་བོའི་ཐོག་ནས་དེབ་སྐྱེལ་བྱས་པའི་ཚོགས་པ་ཞིག་ཏུ་བསྒྱུར་ཡོད་པ་ནི། “འགྲོ་བསམ་ཡང་ལ་སོ་གངས་ཀྱིས་བཟུང་། སྡོད་བསམ་ཡང་ཉལ་ས་ཆུ་ཡིས་གང་།”ཞེས་པ་ལྟར་མ་བྱས་ཐབས་མེད་དུ་གྱུར་ཡོད་ཀྱང་། མ་འོངས་པར་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་སླར་ཡང་ནུས་པ་འདོན་རྒྱུའི་གོ་སྐབས་ཤིག་སྲིད་དམ་ཞེས་པ་ནི་དྲི་བའི་ངོ་བོར་ལྷག་ཡོད།།