ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་གྱི་སྔོན་འགྲོའི་གསལ་བསྒྲགས་སྤེལ་འདུག

ཆུ་བཞི་སྒང་དྲུག་(4 rivers 6 ranges)ཅེས་པའི་གློག་བརྙན་གྱི་སྔོན་འགྲོའི་གསལ་བསྒྲགས། ཟླ་༡༢ ཚེས་༧ ཉིན་གྱི་དགོང་མོ་ཆུ་ཚོད་༧ པའི་ཐོག ཆུ་བཞི་སྒང་དྲུག་(4 rivers 6 ranges)ཞེས་པའི་གློག་བརྙན་གྱི་སྔོན་འགྲོའི་གསལ་བསྒྲགས་དེ། ནིའུ་ཡོག་བོད་རིགས་སྤྱི་མཐུན་ཚོགས་པའི་སྤྱི་ཁང་ཕུན་ཚོགས་སྡེ་བཞིའི་ནང་བསྟན་སོང་། སྐབས་དེར་ཨ་རེིའི་དོན་གཅོད་སྐུ་ཚབ་ཀྱིས་གཙོས་པའི་ཚོགས་སྐྱིད་ཁག་གི་ཚོགས་གཙོ་དང་སྐུ་ཚབ་བཅས་མི་མང་ཆེས་མང་པོ་མཉམ་ཞུགས་གནང་འདུག ཐོག་མར་སྐུ་མགྲོན་ཁག་ཅིག་གིས་གཏམ་ཤད་གནང་བ་དང་། དེ་རྗེས་གློག་བརྙན་སྔོན་འགྲོའི་གསལ་བསྒྲགས་བསྟན་སོང་། གློག་བརྙན་གཙོ་འགན་འཁྲབ་ཁྲིད་པ་གཞན་ཕན་ལགས་ཀྱིས་གློག་བརྙན་དེ་བཟོས་པའི་བརྒྱུད་རིམ་ངོ་སྤྲོད་དང་། དེ་ནས་འཁྲབ་ཁྲིད་པ་གཞན་ཕན་ལགས་དང་། འཇིགས་མེད་ཨོ་རྒྱན་གཉིས་གྱི་གློག་བརྙན་དེའི་སྐོར་དྲི་བ་དྲིས་ལན་གྱི་སྒོ་ནས་བགྲོ་གླེང་གནང་རྗེས་མི་མང་ལ་དྲི་བ་དྲིས་ལན་གྱི་གོ་སྐབས་གནང་སོང་། གློག་བརྙན་དེ་བལ་བོད་གཉིས་ཀྱི་ས་མཚམས་གློ་མུ་ཟི་ཐང་ལ་འཁྲབ་ནས་པར་བརྒྱབ་པ་དང་། འཁྲབ་སྟོན་པ་བོད་པ་མི་སུམ་བརྒྱ་ལྷག་ཙམ་ཡོད་འདུག འཁྲབ་ཁྲིད་པ་གཙོ་བོ་ བོད་པ་ཡིན་པ་མ་ཟད། གློག་བརྙན་མ་དངུལ་གཏོང་མཁན་གཙོ་བོ་ཡང་བོད་པ་ཡིན་པ་བཅས། མདོར་ན་མགོ་ནས་མཇུག་བར་བོད་པ་རང་གིས་བཟོས་པས་རྒྱལ་སྤྱིའི་ཚད་མཐོའི་གློག་བརྙན་ནང་ཚུད་པའི་དམིགས་ཚད་བཟུང་ཡོད་པའི་སྐོར་དང་། གློག་བརྙན་འདི་ང་ཚོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཡིན་ལ། གློག་བརྙན་འདི་བོད་རང་བཙན་གྱི་ཁུངས་སྐྱེལ་དཔང་རྟགས་གཙོ་བོ་ཞིག་ཆགས་རྒྱུ་ཡིན་པའི་སྐོར་སོགས་གློག་བརྙན་འཁྲབ་ཁྲིད་པ་གཞན་ཕན་ལགས་ཀྱིས་འགྲེལ་བརྗོད་གནང་སོང་།

འཁྲབ་སྟོན་པ་ཆོལ་ཁ་ཆོས་རྒྱུད་ཚང་མ་ནས་ཡོད་པ་དང་། གློག་བརྙན་དེ་གྲ་སྒྲིག་ལོ་༡༢ རིང་བྱས་ཡོད་ཅིང་། འཁྲབ་སྟོན་མི་སྣ་འདེམས་པར་ལོ་གཅིག་དང་པར་རྒྱག་རྒྱུར་ཟླ་༦ ལྷག་འགོར་སོང་ལ། གློག་བརྙན་དེ་ལེའུ་གསུམ་ཡོད་པ་དང་། ལེའུ་དང་པོ་པར་རྒྱག་ཡོངས་སུ་གྲུབ་ནས་ཟླ་དྲུག་རྗེས་སུ་བསྟན་ཐུབ་པ་བཟོ་གི་ཡོད་ཅེས་དང་། གློག་བརྙན་དེ་འཁྲབ་སྐབས་མི་སྣ་སུ་ལ་སྐྱོན་ཆག་བྱུང་མེད་པར་ལེགས་གྲུབ་བྱུང་ཡོད་སྐོར་འཁྲབ་ཁྲིད་པས་འགྲེལ་བརྗོད་གནང་སོང་། གློག་བརྙན་དེའི་གཙོ་འགན་འཁྲབ་ཁྲིད་པ་གཞན་ཕན་ལགས་ཡིན་པ་དང་། མ་དངུལ་གཏོང་མཁན་བདེ་བ་ཚང་རྡོ་རྗེ་དབང་འདུས་ལགས་རེད་འདུག བོད་པ་ཚོ་ནང་ཁུལ་དང་མི་ལ་བརྒྱབ་བཤད་བྱེད་ཡག་མཚམས་བཞག་ནས། ལྟོ་འགྲང་ཙམ་གྱིས་ཆོག་ཤེས་མ་བྱས་པར། སོ་སོས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ། རྒྱལ་སྤྱིའི་སྡིངས་ཆའི་ཆེད་ལས་འདྲ་མིན་གྱི་འགྲན་རྩོད་ནང་འཚང་ཁ་རྒྱག་དགོས་པའི་ལམ་སྟོན་གནང་སོང་། ཁོ་རང་མར་ཐེངས་བརྒྱ་རིལ་ནའང་ཐེངས་བརྒྱ་དང་གཅིག་ཡར་ལང་པའི་ཆོད་སེམས་ཡོད་ཟེར། བོད་བཙན་པོའི་ཁྲག་རྒྱུན་ད་དུང་ཆད་མེད་པའི་རང་རྟགས་འདུག་པས་ང་ནི་ཁོའི་བློ་སྟོབས་དང་ཆོད་སེམས་ལ་ཡིད་རང་སྐྱེས་བྱུང་། སྟོབས་ཆེན་རྒྱལ་ཁབ་ཞིག་གི་དེང་རབས་ཀྱི་གོ་མཚོན་སྣ་དགུའི་ལན་དུ་གྲི་དང་། བོད་མདའ། འུར་རྡོ་བཅས་ཀྱིས་དགྲ་ལ་དགྲ་ལན་སྤྲད་པའི་དངོས་བྱུང་ལོ་རྒྱུས་ཀྱི་གློག་བརྙན་འདི་བཟོ་སྐྲུན་གནང་མཁན་མགོ་ལས་ཡོངས་ལ་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ་འདོད་བྱུང་ཞེས། སྤྱི་ཟུར་དགེ་བ་ཚང་ངག་དབང་ཐར་པ་ནས་གནས་ཚུལ་འདི་དག་མཁོ་སྤྲོད་གནང་བྱུང་།


གསར་འགོད་པ། བསྟན་འཛིན་ལམ་བཟང་།