ཆུ་སྒང་བསྟན་སྲུང་དང་བླངས་དམག་གི་དུས་དྲན།

ཟླ་འདིའི་ཚེས་༡༦ ཉིན་གྱི་སྔ་དྲོ་མདོ་ཁམས་ཆུ་སྒང་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་ཐོག་མར་བཙུགས་ཏེ་མི་ལོ་ཧྲིལ་པོ་༥༨ འཁོར་བའི་དུས་དྲན་སྲུང་བརྩི་ཐེངས་༥༧ དེ་དྷ་སའི་ཕོ་བྲང་རྒྱབ་ཀྱི་ལྷ་རྒྱལ་རིའི་རྟེན་མཁར་མདུན་དུ་འཚོགས་ཡོད་པ་རེད།

13467600_10210040641237673_1780589042_oདེར་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཐུབ་བསྟན་རྒྱལ་མཚན་གཙོས་དྷ་སར་གནས་བཞུགས་སྤྱི་འཐུས་ཁག་ཅིག་དང་། དྷ་སའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་མཉམ་ཞུགས་བྱས་ཡོད་པ་རེད།

མཛད་སྒོའི་ཐོག་མར་སྐུ་མགྲོན་རྣམ་པས་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་། ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱི་སྐུ་པར་ལ་མཇལ་དར་བསྒྲོན་ཡོད་པ་རེད།

མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གཏམ་བཤད་ཆུ་སྒང་དྲུང་གཞོན་དང་དབུས་ཡན་ལག་ལས་ཁུངས་ཀྱི་འགན་འཛིན་ངག་དབང་ཐར་པས་སྒྲོགས་སྦྱང་གནང་བ་དང་། དེ་ནང་“དེ་རིང་ནི་བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འགྲམ་ལྕགས་ཚ་གྲི་གུ་ཐང་དུ་མདོ་ཁམས་ཆུ་སྒང་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་བཙུགས་ཏེ་མི་ལོ་ཧྲིལ་པོ་ ༥༨ འཁོར་བའི་དུས་ཚེས་ཁྱད་པར་ཅན་ཞིག་ཡིན། དུས་ཚེས་འདིར་ཆེས་ཐོག་མར་གུས་འདུད་དང་དྲན་གསོ་ཞུ་དགོས་པ་ཞིག་ནི། ཕྱི་ལོ་ ༡༩༤༩ ལོ་ནས་ད་ལྟའི་བར་བོད་རྒྱལ་ཁབ་ཆེན་མོའི་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་སྲོག་རྩ་ཆེན་དགྲ་བོའི་རྫས་མདེལ་གྱི་སོ་ཁར་བཞག་སྟེ་ཡོད་ཚད་བློས་བཏང་སྟེ་སྐུ་གཤེགས་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གི་གཙོས་པའི་དཔའ་རྒོལ་དམ་པ་ཚོ་དང་། ད་ལྟ་ཞལ་བཞུགས་རྒྱལ་གཅེས་བུ་རྒོད་ཚོའི་རླབས་ཆེན་གྱི་སྙིང་སྟོབས་དང་འཇིགས་ཞུམ་མེད་པའི་བློས་གཏོང་དག་ཡིན་ལ། ཁོང་ཅག་ལ་ཡིད་གདུང་བའི་མྱ་ངན་ཚད་མེད་དང་བཅས་ཤུལ་ལུས་ལྟོས་བཅས་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད་”ཅེས་དང་། “དེ་རིང་འདིར་ལམ་སྲོལ་ཙམ་དང། འདྲ་ཆགས་པོ་ཞིག་ཡོང་ཆེད་དུ་དུས་དྲན་གོ་སྒྲིག་བྱས་པ་ལྟར་མིན་པ་བོད་ཁ་བ་ཅན་གྱི་སྔོན་བྱོན་དཔའ་རྒོད་མཛངས་པ་ཚོས་རྒྱལ་ཁབ་དང་མི་རིགས་ལ་བཅངས་པའི་འགྱུར་བ་མེད་པའི་སྙིང་སྟོབས་དང། མི་རིགས་ཤིག་དང་རྒྱལ་ཁབ་ཅིག་ལ་དགོས་ངེས་པའི་གསེར་གྱི་ཡང་ཞུན་ལྟ་བུའི་ཆོད་སེམས་དག དགྲ་བོ་རྒྱ་དམར་གྱི་ང་ཚོའི་དཔའ་རྒོད་འབུམ་ཕྲག་ཁ་ཤས་ཤིག་རྩ་མེད་བཟོས་ཟིན་པ་དང་མཉམ་དུ་རྟ་རྒྱུགས་ནས་ཐལ་བ་ཡལ་སོང་པ་ལྟར་མིན་པ་ཤ་ཤོར་གྱི་འཁོན་ལན་དང་། རྒྱུ་ཤོར་གྱི་ར་མདའི་དཔེ་ལྟར་ངེད་ཚོ་བཙན་བྱོལ་དུ་གྱལ་ནས་མི་ལོ་༥༧ ཕྱིན་ཟིན་ནའང་ཁོང་ཅག་གི་དམིགས་འདུན་རྒྱུན་འཛིན་དང་། བྱས་པ་འཕྲོ་སྐྱོང་གི་ཐོག་ནས་ད་དུང་ཡང་དགྲ་བོ་ལ་གདོང་གཏད་དེ་གསོན་པོར་གནས་ཡོད་ཅེས་པའི་གཅིག་ན་འདས་པོ་དམ་པ་ཚོར་དུར་མཆོད་དང་། གཉིས་ན་ཁ་གཏད་དགྲ་བོ་ལ་བརྡ་ལན་ཞིག གསུམ་ན་འཛམ་གླིང་རྒྱལ་སྤྱི་དང་རང་རིགས་སྤུན་ཟླ་ཚོར་དྲན་གསོ་གཏོང་བ་ཞིག་ཀྱང་ཡིན་”ཞེས་འཁོད་ཡོད་པ་རེད།

གཏམ་བཤད་དེའི་ནང་སྔོན་མ་ཆུ་སྒང་གིས་རྒྱ་རྒོལ་སྐོར་འཁོད་དོན། “མུ་མཐུད་འཇིགས་ཞུམ་བྲལ་བའི་དཔའ་རྒོད་ཚོས་བོད་རྒྱལ་ཁབ་དང་མི་རིགས་འདིའི་ཆེད་དུ་བྱང་ཁུལ་དུ་དགྲ་ཐེངས་༡༨ དང་། ལྷོ་ཁུལ་དུ་ཤི་བསད་ཁྲག་གི་འཁོར་ལོ་བསྐོར་ཏེ་དགྲ་ཐེངས་ཆེ་བ་༣༤ དང་། ཆུང་བ་༧༥ ལྷག་བརྒྱབ་ནས་དམར་འཛིང་དྲག་པོ་བྱས་ཏེ་རྒྱ་དམག་ཁྲི་ཚོ་མང་པོ་ཆམ་ལ་ཕབ། ཨ་རི་གསང་བའི་ལས་ཁུངས་སུ་འབྲེལ་བ་རིམ་མཐུད་ཀྱིས། ལི་ཐང་ཨ་ཐར་ནོར་བུ་དང་། སྡེ་དགེ་སྲས་སོགས་ལ་གསང་བའི་དམག་སྦྱོང་ཐོབ་ནས་བོད་ཀྱི་ས་ཐོག་ཏུ་གནམ་མཆོང་བརྒྱབ་སྟེ། དགྲ་བོ་ལ་ཕར་བརྒོལ་དྲག་པོ་བྱས་ཡོད། འོན་ཀྱང་མང་སྣེ་ཉུང་གིས་མ་རྟེན་པའི་དཔའ་བོ་རྒྱབ་ཆད་ལྟ་བུའི་མེས་པོ་ཚོའི་ཚེ་སྲོག་མང་པོ་ཞིག་དགྲ་ལག་ཏུ་ཤོར་ནས་ཡིད་སྐྱོ་བའི་ཕམ་ཁ་ཁུར་དགོས་ཐུག་ཡོད་ཀྱང་། བོད་ཀྱི་ཆབ་སྲིད་ལུགས་གཉིས་ཀྱི་མངའ་བདག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་ཏུ་གདན་འདྲེན་ཞུ་ཐུབ་པ་བཅས་ཀྱི་རྒྱལ་ཁ་ཐོབ་ཡོད་”ཅེས་འཁོད་འདུག

སྐུ་མགྲོན་གཙོ་བོ་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་ཐུབ་བསྟན་རྒྱལ་མཚན་གྱིས་བོད་མི་མང་སྤྱི་འཐུས་ཀྱི་གཏམ་བཤད་སྒྲོགས་སྦྱང་གནང་བའི་ནང་འཁོད་དོན། “དེ་རིང་ཕྱི་ལོ་ ༡༩༥༨ ཟླ་ ༦ ཚེས་ ༡༦ ཉིན་རྒྱལ་ཞེན་ལྷག་བསམ་ཅན་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གིས་དབུ་ཁྲིད་དེ་བོད་ཆོལ་གསུམ་ཁྱོན་ཡོངས་ནས་རྒྱལ་ཞེན་ལྷག་བསམ་གྱིས་ཕྱུག་པའི་བོད་མི་རྣམས་ཀྱིས་བོད་ས་ལྕགས་ཚ་གྲི་གུ་ཐང་དུ་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་བཙུགས་ཏེ་མི་ལོ་ ༥༨ འཁོར་བའི་དུས་དྲན་ཐེངས་ ༥༧ ཆགས་ཡོད་སྐོར་བཀོད་འདུག གསུང་བཤད་ནང་འཁོད་དོན། “བར་ལམ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འོས་བསྡུའི་ལས་རིམ་ནང་། བོད་མིའི་ཡ་རབས་བཟང་སྤྱོད་དང་འགལ་བའི་ནང་ཁུལ་འཐེན་རྩོད་ཀྱི་རིགས་གང་འཚམ་བྱ་ཐལ་གྱུར་པར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐུགས་ཕམ་ངམ་ཐུགས་དམ་སད་ རྐྱེན་བྱུང་སྟེ། དཔལ་ལྡན་སྲིད་སྐྱོང་མཆོག་གི་དམ་བཅའ་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་བཀའ་སློབ་ལམ་སྟོན་ཇི་ཕེབས་ཀུན་གྱིས་མཁྱེན་གསལ་ལྟར། ཚང་མས་གཡས་ཁག་གཡོན་དཀྲི་མེད་པ་ཆོལ་གསུམ་བོད་མི་རྣམས་མཐུན་ལམ་དམ་ཚིག་གཟང་ཁ་གཅིག་སྒྲིལ་མཉམ་རུབ་ཏུ་གནང་དགོས་པ་ཤིན་ཏུ་གལ་ཆེར་བརྟེན་ད་རེས་འདི་ཐོག་ནས་འབོད་སྐུལ་ནན་ཏནན་ཞུ་རྒྱུ་ཡིན།” ཞེས་སོགས་འཁོད་འདུག།

དེ་རྗེས་སྐབས་༨ པའི་དྷ་ས་ས་གནས་ཆུ་སྒང་གི་རྒྱུན་ལས་གསར་འདེམས་སྐབས། དེར་ཕེབས་པའི་སྤྱི་འཐུས་རྣམ་པས་ཟུར་དཔང་གནང་ནས་རྒྱུན་ལས་གསར་འདེམས་བྱས་ཡོད་པ་རེད།།