ཆེ་དགྲ་ལྷ་ཏང་གི་སྐྱིད་སྡུག་དང་ལས་ཀ་ནས་ཕྱིར་འཕུད་ཀྱིས་ཞིབ་དཔྱོད་ལས་ཁུངས་སུ་རྩིས་སྤྲོད་བྱས་ཡོད་པར་བརྗོད་འདུག

དེ་སྔོན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་ཟེར་བའི་གཙོ་འཛིན་གཙོས་པའི་དམར་ཤོག་གི་ལས་ཀ་མང་པོ་བྱེད་མྱོང་མཁན། བོད་རིགས་དམར་ཤོག་གི་འགོ་ཁྲིད་མཐོ་ཤོས་གྲས་ཡིན་པ་ཆེ་དགྲ་ལྷར་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་ཡོད་པའི་ཉེས་མིང་འོག་ཞིབ་བཤེར་བྱེད་བཞིན་ཡོད་པར་བརྗོད་པ་ལྟར། དེ་རིང་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ནས་ཁོང་ཏང་གི་སྐྱིད་སྡུག་དང་ལས་ཀ་ནས་ཕྱིར་འཕུད་ཀྱིས་ཞིབ་དཔྱོད་ལས་ཁུངས་སུ་རྩིས་སྤྲོད་བྱས་ཡོད་པར་བརྗོད་འདུག་ལ། ཁོང་གི་གཉེན་ཉེ་རྣམས་ལའང་ཁོང་གི་གཞུང་འབྲེལ་གྱི་གོ་གནས་དེ་སྒེར་གྱི་ཁེ་ཕན་འཚོལ་བའི་ཆེད་དུ་བེད་སྤྱོད་བཏང་བའི་ཉེས་འཛུགས་བྱས་འདུག 

ཕྱི་ཟླ་༧ པའི་ཚེས་༢༢ རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་གསལ། 

ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་ཟེར་བས་ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། སྐབས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་དེ་སྔའི་རྒྱུན་ལས་ཨུ་ཡོན་དང་། ཞིང་ལས་དང་གྲོང་གསེབ་ཨུ་ཡོན་ལྷན་ཁང་གི་དེ་སྔའི་འགན་འཛིན་གཞོན་པ་ཆེ་དགྲ་ལྷས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་གནད་དོན་ལ་གྱོད་ཐོ་བཀོད་ནས་ཞིབ་བཤེར་བརྟག་དཔྱད་བྱས་ཡོད་སྐོར་དང་། 

    བརྟག་དཔྱད་བྱེད་སྐབས།  ཆེ་དགྲ་ལྷས་ཕུགས་བསམ་དང་དད་སེམས་འདོར་བ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱབ་ཏུ་སྐྱུར་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ཡག་པོ་མི་འཁུར་བ། “རྟགས་མཚོན་ལས་གྲྭ”དང“བྱས་རྗེས་ལས་གྲྭ”གཉེར་བ། ཡུན་རིང་རྨོངས་དད་ཀྱི་བྱེད་སྒོ་སྤེལ་བ། རྩ་འཛུགས་ཀྱི་ཞིབ་བཤེར་ལ་འགོག་རྒོལ་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྣང་མེད་དུ་གཏོང་བ། སྒྲིག་འགལ་གྱི་སྣེ་ལེན་ལ་གཞུང་དངུལ་གཏོང་བ། གཞུང་དྲང་ངང་གཞུང་དོན་སྒྲུབ་པར་ཤུགས་རྐྱེན་བཟོ་སྲིད་པའི་གསོལ་སྟོན་དང་ལེན་བྱེད་པ། རྩ་འཛུགས་ཀྱི་རྩ་དོན་ལས་འགལ་ནས་རྩ་འཛུགས་ཀྱིས་སྐད་ཆ་བྱེད་སྐབས་གནད་དོན་དྲང་པོ་མི་ཤོད་པ། ལས་བྱེད་པ་འདེམས་བསྐོ་བྱེད་སྐབས་སྒྲིག་ཁྲིམས་ལས་འགལ་ནས་མི་གཞན་ལ་ཁེ་ཕན་དོན་གཉེར་བྱེད་པ། སྤྱོད་གཙང་གི་མཐའ་ཚད་མི་སྲུང་བ། སྒྲིག་འགལ་ངང་ལག་རྟགས་དང་འབུལ་རྟེན་ལེན་པ། གཉེན་ཉེས་ཁོ་པའི་ལས་གནས་ཀྱི་ཤུགས་རྐྱེན་སྤྱད་དེ་ཁེ་ཕན་དོན་གཉེར་བྱེད་པར་རྒྱ་ཡན་དུ་གཏོང་བ་དང་ཤུགས་སུ་ཁས་ལེན་པ། ཁྱིམ་སྲོལ་ཡག་པོ་མེད་པ་དང་ནང་མིར་དོ་དམ་དང་སློབ་གསོས་མི་འདང་བ། གུས་སྐྲག་གི་བསམ་པ་གཏན་ནས་མེད་པར་ཚོང་པ་དང་སྦྱིན་བདག་དང་ངན་པ་ཁ་མཐུན་གྱིས་ལས་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་ལ་ལས་གྲྭ་འགན་གཙང་སྤྲོད་པ་དང་། མ་དངུལ་བསྡུ་སྒྲིལ་དང་དངུལ་གཡོར་བ། ཀུང་སི་གཉེར་བ་སོགས་ཀྱི་ཐད་རོགས་པ་བྱས་ནས་ཁེ་ཕན་དོན་གཉེར་བྱེད་པ་མ་ཟད། ད་དུང་ཁྲིམས་དང་མ་མཐུན་པར་རྒྱུ་ནོར་ཕོན་ཆེན་ལེན་པ་བཅས་བྱས་ཡོད་ཅེས་བརྗོད་འདུག་ལ།

ད་དུང་ཆེ་དགྲ་ལྷས་ཏང་གི་ཆབ་སྲིད་དང་། རྩ་འཛུགས། སྤྱོད་གཙང་།  འཚོ་བའི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་བས་ལས་གནས་ཐོག་ཁྲིམས་ལས་ཀཚབས་ཆེན་འགལ་བའི་ཉེས་པ་གྲུབ་ཡོད་ལ་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུའང་མཚམས་དང་ཚོད་མ་ཟིན་པས། ངོ་བོ་ཚབས་ལྕི་བ་དང་ཤུགས་རྐྱེན་ངན་པ་བཟོས་ཡོད་སྟབས་ཐག་གཅོད་ནན་པོ་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་པའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་དབྱང་སྒྲིག་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ་ཀྲུང་གུང་ཀྲུང་དབྱང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་པ་བརྒྱུད། ཆེ་དགྲ་ལྷར་ཏང་གི་སྐྱིད་སྡུག་ནས་འཕུད་པའི་ཆད་པ་གཅོད་རྒྱུ་དང་། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཁོ་པ་གཞུང་གི་ལས་ཀ་ནས་འཕུད་པའི་ཆད་པ་གཅོད་རྒྱུ། ཁོ་པའི་སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ། དེའི་ཉེས་གསོག་གི་དོགས་ཡོད་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་གཞུང་གཏུག་བྱ་རྒྱུར་རྩིས་སྤྲོད་རྒྱུ་དང་འབྲེལ་ཡོད་ཀྱི་རྒྱུ་དངོས་ཀྱང་མཉམ་དུ་རྩིས་སྤྲོད་རྒྱུའི་ཐག་བཅད་པ་རེད་ཅེས་བརྗོད་འདུག

སྤྱིར་རྒྱ་ནག་དམར་ཤོག་གཞུང་གིས་རང་དང་ལྟ་བ་མི་མཐུན་པའི་ཆེས་མཐོའི་མི་རྣམས་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་གྱི་ཉེས་མིང་འོག་ནས་འཛིན་བཟུང་དང་ཞིབ་བཤེར་བྱེད་ཀྱི་ཡོད་སྐད་སྒྲོག་ལ། དེ་རྗེས་ལྐོག་ཟ་རུལ་སུངས་ཚབས་ཆེན་བྱས་པར་བསྒྲགས་ཏེ་རྒྱུ་ནོར་གཞུང་བཞེས་དང་ཚེ་བཙོན་གྱི་ཐག་གཅོད། སྲོག་ཁྲིམས་གཅོད་པ་བཅས་བྱེད་ཀྱི་ཡོད་པ་ལྟར།  ཉེ་ཆར་རང་ཝུ་དབྱིང་ཅེ་ལ་ལོ་གཉིས་ནར་འགྱངས་ཀྱི་སྲོག་ཁྲིམས་བཅད་ཡོད་པ་རེད།  སྲིད་དོན་དཔྱད་ཞིབ་པ་ཚོས་ལས་འགུལ་འདི་ནི་ཞི་ཅིན་ཕིང་གིས་རང་གི་ཆབ་སྲིད་ཀྱི་འགྲན་ཟླ་རྣམས་རྩ་མེད་བཟོ་བའི་ལག་ཆ་ཞིག་ཡིན་པར་རྗོད་ཀྱི་ཡོད་ལ། ཉེས་མིང་དེའི་འོག་ནས་རྒྱ་རིགས་ཙམ་མ་ཟད་བོད་རིགས་ཀྱི་འགོ་ཁྲིད་མང་པོ་ཞིག་ཚུད་ཡོད་པ་རེད།  ཐེངས་འདིར་ཆེ་དགྲ་ལྷའི་ནང་མི་གཉེན་ཉེ་རྣམས་ལའང་ཁོང་གི་གཞུང་འབྲེལ་གྱི་གོ་གནས་དེ་སྒེར་གྱི་ཁེ་ཕན་འཚོལ་བའི་ཆེད་དུ་བེད་སྤྱོད་བཏང་བའི་ཉེས་འཛུགས་བྱས་ཡོད་པ་དང་། དེ་བཞིན་ཁོང་ལ་རྨོངས་དད་ཀྱི་བྱེད་སྒོ་སྤེལ་བ་ཞེས་ཆོས་ལུགས་ཀྱི་བྱེད་སྒོར་སྤེལ་བའི་ཉེས་འཛུགས་བྱས་འདུག ཆེ་དགྲ་ལྷ་ནི་ཕྱི་ལོ་ ༡༩༥༨ ལོར་ཡུན་ནན་བདེ་ཆེན་རྫོང་དུ་སྐྱེས་ཤིང་། ཕྱི་ལོ་ ༡༩༧༩ ལོར་ས་གནས་སུ་རྒྱ་ནག་དམར་ཤོག་ཚོགས་པའི་གུང་གཞོན་ཚོགས་པ་ཟེར་བར་ཞུགས་ཏེ། ལོ་ན་ ༢༥ སྟེང་དམར་ཤོག་གུང་གཞོན་ཚོགས་པའི་དྲུང་ཆེ་གཞོན་པར་བསྐོ་བཞག་བྱུང་འདུག་པ་དང་། ཕྱི་ལོ་ ༢༠༠༡ ལོ་ནས་བཟུང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དང་ཕྱི་ལོ་ ༢༠༡༧ ལོ་ནས་༢༠༢༡ བར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་དང་། བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོ་སོགས་ཀྱི་ལས་འགན་འཁུར་མྱོང་ཡོད་པ་མ་ཟད།

ཁོང་ནི་བོད་རིགས་དམར་ཤོག་འགོ་ཁྲིད་མཐོ་ཤོས་ཀྱི་གྲས་ཤིག་སྟེ་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་དང་། རྒྱ་ནག་རྒྱལ་ཡོངས་གྲོང་གསེབ་དང་ཞིང་ལས་ལྷན་ཁང་གི་འགོ་གཙོ་གཞོན་པའི་འགན་འཁུར་མྱོང་ཡོད་པ་རེད། 

གསར་འགོད་པ། བསྟན་འཛིན་ལམ་བཟང་།