ཕྱི་ལོ་༢༠༢༡ ཟླ་༡ ཚེས་༡༥ འཁོད་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས། གྱོད་ཡ་ཞུ་སྦྱོར་བ་གཞུང་ཞབས་ཟུར་པ་སྐལ་བཟང་ཕུན་ཚོགས་ཀྱིས་ཞུ་གཏུགས་བྱས་པ། བགྲེས་ཡོལ་ཐོབ་ཐང་དང་འབྲེལ་བའི་གནད་དོན་སྐོར་ཁ་མཆུ་ཨང་༢༡ པ་རུལ་བའི་ཐག་གཅོད་བཀའ་ཁྱབ་གནང་བ་ཡིན་ཞེས་ཁྲིམས་ཞིབ་ཁང་གི་དྲ་རྒྱའི་ནང་བཀོད་འདུག
དེ་ཡང་ཁ་མཆུ་ཨང་༢༡ པའི་གྱོད་ཡ་ཞུ་སྦྱོར་པ་ནི་གཞུང་ཞབས་དྲུང་འཕར་ཟུར་པ་སྐལ་བཟང་ཕུན་ཚོགས་ཡིན་པ་དང་། གྱོད་ཡ་རྩོད་ལན་པ་ནང་སྲིད་ལས་ཁུངས་དང་། བཀའ་ཤག་གཉིས་ཡིན་འདུག རྩོད་གླེང་བྱ་རྒྱུའི་གནད་དོན་བགྲེས་ཡོལ་ཐོབ་ཐང་དང་འབྲེལ་བའི་སྐོར་ཡིན་འདུག་ལ། གྱོད་ཡ་ཞུ་སྦྱོར་བ་དྲུང་འཕར་ཟུར་པ་སྐལ་བཟང་ཕུན་ཚོགས་བགྲེས་ཡོལ་སྔ་བསྣུར་གྱིས་ཨ་རིར་སོང་བ་དང་། ཨ་རིའི་མི་སེར་ཆགས་པའི་རྗེས་སུ་ཁོང་ལ་བགྲེས་ཤག་དགོས་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ལས་ཤག་དང་བགྲེས་ཤག་བགོ་འགྲེམས་ཀྱི་སྒྲིག་གཞི་བསྐྱར་བཅོས་གནང་བ་བཅའ་ཁྲིམས་དང་མི་མཐུན་པ་ཆགས་ཡོད་ཚུལ་གྱིས། ཐོག་མ་བྱང་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་དུ་ཁྲིམས་གཏུགས་བྱས་ཀྱང་ངོས་བཞེས་རྩིས་མེད་བཏང་རྗེས། ཕྱི་ལོ་༢༠༡༩།༡།༣༠ ཉིན་ཞུ་སྦྱོར་བས་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཞུ་རྩ་ཐོག་མར་ཕུལ་ཡོད་པ་དང་། དེ་ནས་བཟུང་ཞུ་རྩ་ལ་བསྐྱར་བཅོས་སྔ་རྗེས་བྱས་ཡོད་འདུག རྩོད་ལན་པས་ཁ་མཆུ་དེ་རྩིས་མེད་ཡོང་བའི་ཞུ་སྐུལ་ཞུས་ཀྱང་ཁྲིམས་ཞིབ་ཁང་ནས་ངོས་བཞེས་གནང་མེད་པ་དང་། ཡིག་ཐོག་ནས་རྩོད་ལན་དང་དཔང་རྟགས་དགོས་འདུན་བཅས་རིམ་པར་ཕུལ་ཡོད་འདུག་ལ། མཐར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་༢༠༢༡ ཟླ་༡ ཚེས་༡༥ ཉིན་ཤོག་ལྷེ་༤༤ ཡོད་པའི་ཐག་གཅོད་བཀའ་ཁྱབ་ཅེས་པ་ཞིག་བཏང་ཡོད་པ་རེད།
ཁ་མཆུ་འདིའི་དོན་གནད་དང་འབྲེལ་བ་ཡོད་པ། ལས་ཤག་དང་བགྲེས་ཤག་བགོ་འགྲེམས་ཀྱི་སྒྲིག་གཞི། དོན་ཚན་༡༢ པའི་ནང་གསེས་༣ པའི་ཁ་པ། “ཕྱི་རྒྱལ་ཡུལ་གྲུར་གཞིས་སྤོས་ཟིན་པའི་བགྲེས་ཡོལ་བ་གང་ཞིག་ཁང་དོད་མུ་མཐུད་ཞུ་བཞིན་པ་རྣམས་ལ་ཡུལ་དུས་གནས་བབ་དང་། ཁྲིམས་དོན་གང་ཅིའི་ཆ་ནས་བགྲེས་ཤག་གོ་སྒྲིག་ཞུ་ཐབས་མེད་པར་བརྟེན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གཞིས་སྤོས་བྱ་གཏན་འཁེལ་བ་དང་བྱེད་ལ་ཉེ་བ་རྣམས་ལ་བགྲེས་ཡོལ་ཐོན་ཉིན་ནས་སྒྲིག་གསལ་བགྲེས་ཤག་གི་དོད་ཞུ་སྤྲོད་ཆོག་རྒྱུ་ལས་ཁང་དོད་དང་བགྲེས་ཤག་གི་ཐོབ་ཐང་མེད། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གཞིས་སྤོས་ཟིན་པ་གང་ཞིག་ཁང་དོད་ཞུ་མུས་ཡིན་ན། དེ་རྣམས་ལ་སྐབས་དེའི་བགྲེས་ཕོགས་ཐོག་རྩིས་སྐོར་གྱིས་བགྲེས་ཤག་གི་དོད་གཅིག་མཚུངས་འཐོབ་རྒྱུ་ཡིན་ཡང་ལོ་ ༡ ནས་ ༢ ཧྲིལ་པོར་ཁང་དོད་ཞུས་ཟིན་རིགས་ལ་བགྲེས་ཤག་གི་དོད་བརྒྱ་ཆ་ ༧༠ དང་། ལོ་ ༣ ནས་ ༥ ཧྲིལ་པོར་བརྒྱ་ཆ་ ༥༠། ལོ་ ༦ ཧྲིལ་པོར་ཡན་ལ་བརྒྱ་ཆ་ ༣༥ རེ་གནང་སྟེ་ཁང་དོད་གནང་རྒྱུ་མཚམས་འཇོག་དང་བགྲེས་ཤག་སྒུག་ཐོ་ནས་ཀྱང་ཕྱིར་འཐེན་བྱ་དགོས།”ཞེས་འཁོད་ཡོད་པ་ལྟར་ལས། ཞུ་སྦྱོར་བ་སྐལ་བཟང་ཕུན་ཚོགས་ལ་བགྲེས་ཤག་ཐོབ་མེད་པ་རེད།
ཁྲིམས་ཞིབ་ཁང་གིས་མཐའ་མའི་ཐག་གཅོད་བཀའ་ཁྱབ། ཅེས་པ་དོན་ཚན་བཞི་བཀོད་འདུག་པ་དང་། དང་པོ། “ཀ གྱོད་ཡ་ཕྱོགས་གཉིས་ནས་ཁྲིམས་ཡིག་གི་བྱ་རིམ་གཞིར་བཟུང་ཁ་མཆུའི་གནད་དོན་ཐོག་འགན་ཁུར་ཚུལ་བཞིན་བླངས་མེད་པ་མ་ཟད། ཁྲིམས་ཞིབ་ཁང་གི་བརྡ་ཐོ་རིམ་ཅན་དུ་བཏང་བའི་ལམ་སྟོན་དང་ཐག་གཅོད་ཁག་ལའང་བརྩི་བཀུར་ཉམས་ལེན་བྱས་མེད།”ཅེས་དང་།
“ཁ། ཞུ་སྦྱོར་བའི་ངོས་ནས་རྩོད་གཞིའི་གནད་དོན་ཐོག་ཁ་མཆུ་གསར་འཛུགས་དང་། གྱོད་ཡ་དོ་བདག་གི་ཐོབ་ཐང་དང་འབྲེལ་མེད་ཀྱི་དགོས་འདུན་རིམ་འཛར་དུ་བཏོན་པ་དང་། ཁ་མཆུའི་གནད་དོན་ཁུངས་སྐྱེལ་སྒྲུབ་བྱེད་དུ་རང་ཉིད་ཀྱི་བསམ་ཚུལ་ཙམ་གཞི་ལ་བཞག་སྟེ་ཚོད་དཔག་གི་རྩོད་ཤགས་དང་། གུས་དང་བསྐྱར་བཅོས་སྔོན་བགྲེས་ཤག་གནང་ཡུལ་བགྲེས་ཡོལ་བ་གཉིས་ཀྱི་གནས་སྟངས་གཅིག་མཚུངས་ཡིན་པ་གང་ཞིག་ལ་གུས་པར་བགྲེས་ཤག་མ་གནང་བ་དང་། ཁོང་རྣམས་ལ་གནང་ཡོད་པ་ནས་གནས་སྟངས་མཚུངས་པར་གནང་སྟངས་མི་འདྲ་བ་བྱུང་ཡོད་པ་ར་སྤྲོད་བྱེད་ཀྱི་ཡོད་ཟེར་བ་ཙམ་ལས། ཁུངས་སྐྱེལ་དཔང་རྟགས་གཅིག་ཀྱང་འདོན་འབུལ་ཞུས་མེད་ལ། ཞུ་སྦྱོར་བའི་བསྒྲུབ་བྱ་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཤག་དང་བགྲེས་ཤག་བགོ་འགྲེམས་ཀྱི་སྒྲིག་གཞི་དོན་ཚན་ ༡༢ (༣) བསྐྱར་བཅོས་གཏན་འབེབས་བྱས་པ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་གང་དང་འགལ་ཡོད་མེད་ཀྱི་ཁྲིམས་དོན་གྱི་གནད་དོན་ལྟེ་བའི་ཐོག་སྒྲུབ་བྱེད་ཡང་དག་འདོན་འབུལ་བྱས་མེད་པ་མ་ཟད། སྣོན་འཕྲི་ཐེངས་མང་ཕྱིན་པའི་ཞུ་སྦྱོར་བའི་ཞུ་རྩའི་ནང་ཁུངས་སྐྱེལ་སྒྲུབ་བྱེད་བཀོད་ཡོད་ལུགས་བརྗོད་དེ། ཞིབ་གཅོད་ཀྱི་བྱ་རིམ་སྐབས་སུ་སྒྲིག་གཞི་དེ་ནུས་ལྡན་མིན་པ་ཇི་ལྟར་ཆགས་པའི་ཁུངས་སྐྱེལ་གྱི་འགན་ཁུར་བླངས་མེད།”ཅེས་དང་།
“ག རྩོད་ལན་པའི་ངོས་ནས་གཏན་འབེབས་ཟིན་པའི་ཁ་མཆུའི་གནད་དོན་ཁུངས་སྐྱེལ་གྱི་སྐབས་སུ། ཁྲིམས་ཞིབ་ཁང་ནས་༢༠༢༠།༩།༡༡ དང་། ༢༠༢༠།༡༡།༡༣ དང་། ༢༠༢༠།༡༡།༢༧ ཉིན་སོ་སོར་བསྟུད་མར་བརྡ་ཐོ་སྔ་རྗེས་ཁག་གསུམ་བཏང་སྟེ། ཁྲིམས་ཡིག་ལུང་འདྲེན་གྱིས་སྒྲིག་གཞི་སྲུང་སྐྱོབ་ཀྱི་ཁུར་འཁྲིའི་ལས་འགན་ལེན་དགོས་པའི་བཀོད་མངགས་ལམ་སྟོན་བྱས་པར། ལས་འགན་གཡོལ་རྐྱང་བྱས་ཡོད།”ཅེས་དང་།
“ང་། འདི་ལྟར། གྱོད་ཡ་ཕྱོགས་གཉིས་ནས་ཁྲིམས་ཡིག་གཞིར་བཟུང་གི་འགན་ཁུར་ཚུལ་བཞིན་མ་བླངས་པར། ཁྲིམས་ཞིབ་བྱ་རིམ་མུ་མཐུད་འགྲོ་རྒྱུའི་གཞི་རྟེན་མེད་པ་ཆགས་པར་བརྟེན། ཁ་མཆུ་ཨང་༢༡ འདི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁ་མཆུ་ཨང་༡༡ པའི་ཐག་གཅོད་གནང་ལམ་ལ་གོ་བསྟུན་གྱིས། ཁ་མཆུ་རུལ་བར་ཐག་གཅོད་བྱས་པ་ཡིན་ན། ཞུ་སྦྱོར་བས་ཁྲིམས་དོད་ཇི་ཕུལ་ཁྲིམས་དྲུང་བརྒྱུད་ཕྱིར་ཞུ་ཆོག་རྒྱུ་དང་། སྤྱི་མང་གཏུག་བཤེར་འགྲོ་ལུགས་ཁྲིམས་ཡིག་དོན་ཚན་༨༡ ནང་གསལ། གྱོད་ཡ་ཕན་ཚུན་དེ་རང་གིས་ཁ་མཆུ་དེའམ། གནད་དོན་དེ་རང་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གང་འདྲ་ཞིག་ཏུའང་སླར་ཡང་གསར་དུ་ཞུ་གཏུག་བྱ་རྒྱུའི་ཐོབ་ཐང་མེད་པའི་ཐག་གཅོད་བཀའ་ཁྱབ་ཏུ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་༢༠༢༡ ཟླ་༡ ཚེས་༡༥ ལ།”ཞེས་ཐག་གཅོད་གནང་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།