ཆོགས་ལུགས་འདྲ་མིན་གྱི་ཆོས་ཚོགས་ཁྲི་བཞི་ལྷག་ནང་སྨར་ཚང་བཀའ་བརྒྱུད་ལ་གཟེངས་རྟགས་ཤིག་ཕུལ་འདུག
ཟླ་འདིའི་ཚེས་༢༣ ཉིན་སྨར་ཚང་བཀའ་བརྒྱུད་ཀྱི་ངོ་དེབ་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། དབྱིན་ཡུལ་ནང་ཆོས་ལུགས་འདྲ་མིན་གྱི་ཆོས་ཚོགས་ཁྱོན་བསྡོམས་ཁྲི་བཞི་ལྷག་ཡོད་པའི་ནང་ནས་སྨར་ཚང་བཀའ་བརྒྱུད་ལ་གཟེངས་རྟགས་ཤིག་འབུལ་བཞེས་གནང་བའི་གནས་ཚུལ་བཀོད་འདུག

ཆོས་ལུགས་ཀྱི་ཐོབ་ཐང་འདྲ་མཉམ་ལོངས་སྤྱོད་པའི་དབྱིན་ཇིའི་རྒྱལ་ཁབ་ནང་། ཡེ་ཤུ་དང་ཧེ་ཏུང་། ཁ་ཆེ་དང་ནང་པ་སོགས་གཞུང་འབྲེལ་དེབ་སྐྱེལ་བྱས་པའི་ཆོས་ཚོགས་གྲངས་༤༩༨༨༡ ཡོད་ཅིང་། དབྱིན་ཇིའི་རྒྱལ་ས་ལོན་ཊོན་གཅིག་པུའི་ནང་ཆོས་ཚོགས་གྲངས་༢༢༠༠ ཡོད་འདུག
ཉེ་ཆར་དད་པ་དང་ཡིད་ཆེས་གླེང་སྟེགས་(the Faith &Belief Forum) ་ཞེས་པའི་གཟེངས་རྟགས་ཚོགས་པས་ཆོས་ཚོགས་༣༢ བདམས་ནས་ཟླ་འདིའི་ཚེས་༢༡ ཉིན་གཟེངས་རྟགས་ཐེངས་བདུན་པ་དེ་ཕུལ་ཡོད་འདུག ཆོས་ཚོགས་༣༢ ནང་སྨར་ཚང་བཀའ་བརྒྱུད་རྟག་བརྟན་ཕུན་ཚོགས་གླིང་ཡང་ཚུད་ཡོད་འདུག
གཟེངས་རྟགས་དེ་ཆོས་ལུགས་སོ་སོའི་ལྟ་གྲུབ་དང་རིགས་གཞུང་། གོམས་སྲོལ་སོགས་ཐབས་སྣ་ཚོགས་ལ་བརྟེན་ནས་ཡུལ་དེའི་མི་རྣམས་ལ་ཕན་པའི་ལས་དོན་གྱི་གྲུབ་འབྲས་གཟེངས་སུ་ཐོན་པའི་དཔང་རྟགས་སུ་ཕུལ་བ་ཞིག་ཆགས་ཀྱི་ཡོད་འདུག
སྨར་ཚང་བཀའ་བརྒྱུད་ལ་ཡང་གཟེངས་རྟགས་འབུལ་དགོས་པའི་རྒྱུ་མཚན་གཙོ་བོ་གཉིས་ཏེ། དང་པོ་ནི། ཡུལ་འདིར་ནང་པ་སངས་རྒྱས་པའི་ཆོས་ཀྱི་སྲོལ་བརྒྱུད་རྙིང་མའི་ཐབས་ལམ་ལ་བརྟེན་ནས་ལོ་བཅུ་ཕྲག་གཅིག་ལྷག་གི་རིང་ལ། སྡེ་ཚན་རེ་ལ་ལོ་གསུམ་དང་ཕྱེད་ཀའི་སློབ་ཚན་མཐར་ཕྱིན་པ་ཁྲིད་ནས་གྲུབ་དོན་ལག་འཁྱེར་སྤྲོད་ཅིང། ཉམས་ལེན་གྱི་རིམ་པ་ཡང་སྲོལ་བརྒྱུད་ལྟར་ཁྲིད་པ་འདི་གཞན་ལས་ཁྱད་པར་འཕགས་པ་ངོས་འཛིན་ཞུས་པ་དང་། གཉིས་པ་ནི། ཏོག་དབྱིབས་ནད་དུག་གི་སྐབས་སུ་རྒན་སློབ་ཚོས་ཆོས་ལུགས་རིས་མེད་ཀྱི་མི་རྣམས་སེམས་ཁམས་ཞི་བ་ལ་གནས་པའི་ཕྱིར་ཏུ། དྲན་པ་དབྱུག་ལ་གཏད་པ། དྲན་པ་ལུས་ལ་གཏད་པ། དྲན་པ་ཚོར་བ་ལ་གཏད་པའི་ཐབས་ལམ་ལ་བརྟེན་ནས་ལོ་གཉིས་ཀྱི་རིང་སྒོམ་ཁྲིད་རྒྱུན་སྐྱོང་བས་མི་མང་པོ་ཞིག་གི་སེམས་ཁམས་ལྷོད་དུ་འབབ་པ། སྐྱོ་སྣང་བསང་བ། འཇིགས་སྣང་ཞི་བ་སོགས་གྲུབ་འབྲས་ཆེན་པོ་ཐོན་པ་ངོས་འཛིན་ཞུས་ནས་གཟེངས་རྟགས་ཕུལ་བ་ཞིག་ཆགས་ཡོད་འདུག
ཟླ་འདིའི་ཚེས་༢༡ ཉིན་གཟེངས་རྟགས་ཐོབ་པའི་ཆོས་ཚོགས་༣༢ ནང་ནས་བསྐྱར་དུ་ཆོས་ཚོགས་༨ འདེམས་སྒྲུག་བྱས་ནས་ཚེས་༢༢ ལ་དམིགས་བསལ་གྱི་བཅར་འདྲི་ཞུ་རྒྱུ་དང་། བཅར་དྲི་དག་ཚོགས་པ་དེའི་དྲྭ་ལམ་དུ་རིམ་པས་འགོད་རྒྱུ་ཡིན་འདུག
སྨར་ཚང་བཀའ་བརྒྱུད་ཀྱིས་གཟེངས་རྟགས་དེ་ནི་སྨར་ཚང་བསྟན་པའི་བདག་པོ་༧ འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེས་ཕྱི་ལོ་༢༠༠༨ ལོ་ལོན་ཊོན་ལ་སྨར་ཚང་བཀའ་བརྒྱུད་རྟག་བརྟན་ཕུན་ཚོགས་གླིང་ཕྱག་བཏབ་པ་ནས་བཟུང་ལོ་ངོ་བཅུ་ཕྲག་གཅིག་ལྷག་གི་རིང་ཉིན་མཚན་དབྱེར་མེད་འབད་བརྩོན་བྱས་པ་དང་། སྲི་ཞུ་ལས་བྱེད་ཚོས་ཀྱང་ལྷག་བསམ་བཟང་པོས་ཀུན་ནས་བསླངས་ནས་འགྲོ་སོང་ཆེ་ཆུང་ཐམས་ཅད་སོ་སོས་བཏང་ནས་འབད་བརྩོན་བྱས་པའིི་གྲུབ་འབྲས་གཟེངས་སུ་ཐོན་པའི་དཔང་རྟགས་ཤིག་ལ་ངོས་འཛིན་ཞུ་བཞིན་ཡོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།
