ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ཞེས་པའི་ལྷན་ཚོགས་ཐེངས་༡༦ པའི་ཐོག་འཆི་མེད་ལྷ་མོའི་གཏམ་བཤད། 

བོད་ཀྱི་གཞོན་སྐྱེས་ལས་འགུལ་བ་འཆི་མེད་ལྷ་མོས་བོད་དོན་འཐབ་རྩོད་དང་འབྲེལ་བའི་ཐོག་ཇི་ནི་ཝ་ལ་རྒྱ་གཞུང་གིས་འདས་པའི་ལོ་ངོ་༧༥ རིང་བོད་ནང་དྲག་གནོན་བྱས་ཡོད་པ་མ་ཟད། བཙན་བྱོལ་དུ་ཡོད་པའི་བོད་མི་ཚོ་ལ་ཡང་འཇིགས་སྐུལ་བྱས་ཡོད་ཀྱང་། བོད་མི་བརྒྱ་དང་དྲུག་ཅུ་ལྷག་གིས་རང་ལུས་མེ་བསྲེགས་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་མུ་མཐུད་བྱེད་བཞིན་ཡོད་པ་སོགས་ཀྱི་ཐོག་ལ་གཏམ་བཤད་ཐེངས་གཉིས་གནང་འདུག

དེ་སྔ་ནས་ཇི་ནི་ཝ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་མ་ཚོགས་པའི་སྔོན་ལ་ཇི་ནི་ཝ་ལ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་(Geneva Summit for Human Right and Democracy) ་ཞེས་པའི་ལྷན་ཚོགས་ཤིག་ཚོགས་སྲོལ་ཡོད་པ་བཞིན། ལོ་འདིའི་ལྷན་ཚོགས་ཐེངས་༡༦ པའི་ཐོག་བོད་མིའི་སྐུ་ཚབ་གཞོན་སྐྱེས་ལས་འགུལ་བ་འཆི་མེད་ལྷ་མོ་གདན་འདྲེན་ཞུས་པ་ལྟར། 

ཟླ་འདིའི་ཚེས་༡༤ ་ཉིན་གཞོན་སྐྱེས་ལས་འགུལ་བ་འཆི་མེད་ལྷ་མོས་གཏམ་བཤད་གནང་ཡོད་འདུག སྐབས་དེར་འཆི་མེད་ལྷ་མོས་ཨ་རིའི་རང་དབང་ཁང་པས་ལོ་ལྟར་འདོན་སྤེལ་གནང་བའི་སྙན་ཐོའི་ནང་། བོད་ནི་འཛམ་གླིང་ཐོག་རང་དབང་གི་ཚད་དམའ་ཤོས་ཀྱི་ས་ཁུལ་ཞིག་ལ་ངོས་འཛིན་བྱས་ཡོད་པ་དང་། ལྷག་པར་དུ་ལོ་འདིའི་སྙན་ཐོའི་ནང་། བོད་ནང་གི་རང་དབང་གི་ཚད་གཞི་ནི་བརྒྱ་ཆ་བརྒྱ་ནས་ཀླད་ཀོར་ཡིན་པ། དེ་བཞིན་རྒྱ་གཞུང་གིས་བོད་ནང་བཙན་འཛུལ་བྱས་པའི་ལོ་ངོ་༧༥ རིང་། རྒྱ་གཞུང་གིས་བོད་ནང་གི་ཁོར་ཡུག་གཏོར་བཅོམ་དང་སྤྱི་ཚོགས་དང་དཔལ་འབྱོར་ཐོག་དབྱེ་འབྱེད་བྱས་དང་བྱེད་བཞིན་པ། དེ་བཞིན་ཆབ་སྲིད་དང་ཆོས་ལུགས་ཐོག་ལ་དྲག་གནོན་བྱས་ཡོད་ན་ཡང་། བོད་མི་ཚོས་ད་དུང་ཡང་མུ་མཐུད་ནས་འཐབ་རྩོད་བྱེད་བཞིན་ཡོད་པ་མ་ཟད། ང་ཚོ་ལ་མཚོན་ན་ཕྱི་ལོ་༡༩༥༩ ལོ་རྗེས་སུ་སྐྱེས་པའི་གཞོན་སྐྱེས་ཚང་མ་ནི་འཐབ་རྩོད་པ་ཞིག་ཆགས་ཀྱི་ཡོད་པ། ང་ཚོ་གསོན་པོ་གནས་པ་ཙམ་གྱིས་འཐབ་རྩོད་ཀྱི་ཆ་ཤས་ཤིག་ཆགས་ཀྱི་ཡོད་ཅེས་དང་། སྒེར་གཅོད་པ་དག་གིས་མཉམ་ལས་བྱེད་ཀྱི་ཡོད་ན་ང་ཚོས་མཉམ་ལས་མི་བྱེད་དོན་ཅི་རེད་སོགས་ཀྱི་གསུང་བཤད་གནང་ཡོད་འདུག 

གཞན་ཡང་ཟླ་འདིའི་ཚེས་༡༥ ་ཉིན་ལྷན་ཚོགས་ཐོག་ཏུ་སྐར་མ་བཅུ་གཅིག་ལྷག་གི་གཏམ་བཤད་ཅིག་གནང་ཡོད་འདུག་ལ། གཏམ་བཤད་དེའི་ནང་དུ། ཁོང་གིས་རྒྱ་གཞུང་གིས་བོད་ཀྱི་རིག་གཞུང་དང་སྐད་ཡིག བོད་མིའི་ཚོའི་ཉིན་རེའི་འཚོ་བ་སོགས་ཀྱི་ཐོག་ལ་གཏོར་བཅོམ་བཏང་དང་གཏོང་བཞིན་པ་མ་ཟད། རྒྱ་གཞུང་གིས་རྒྱལ་མཚམས་ལས་བརྒལ་ནས་བཙན་བྱོལ་བོད་མི་ཚོ་ལ་ཡང་འཇིགས་སྐུལ་དང་དྲག་གནོན་བྱེད་ཀྱི་ཡོད་པའི་སྐོར་དང་། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དང་བོད་ལ་རང་དབང་དགོས་པའི་རྒྱུ་མཚན་དུ་བྱས་ནས་ད་བར་བོད་ནང་གི་བོད་མི་བརྒྱ་དང་དྲུག་བཅུ་ལྷག་གིས་རང་ལུས་མེ་བསྲེགས་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པའི་སྐོར་གཏམ་བཤད་གནང་སོང་།

འཆི་མེད་ལྷ་མོའི་གཏམ་བཤད་གཉིས་པོ་ཇི་ནི་ཝ་ལྷན་ཚོགས་ཞེས་པའི་ཡུ་ཊུབ་དྲྭ་ཚིགས་ཐོག་ཏུ་སྤེལ་རྗེས་ལྟ་མཁན་སྟོང་ཕྲག་མང་པོ་བྱུང་འདུག་པ་མ་ཟད། བོད་མི་མང་པོས་ཁོང་ཉིད་ལ་བསྔགས་དང་ཁོང་གི་གཏམ་བཤད་དྲྭ་ཚིགས་སྣ་ཚོགས་ཐོག་བརྒྱུད་སྤེལ་བྱས་དང་བྱེད་བཞིན་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།