ཉི་ཧོང་གི་སྲིད་བློན་གསར་པར་རྒྱ་ནག་གིས་སེམས་འཚབ་བྱེད་དོན་གང་ཡིན་ནམ།
ཕྱི་ལོ་༢༠༢༥ ཟླ་༡༠ ཚེས་༢༣ ཉིན་༼The DIPLOMAT༽ ཞེས་པའི་དྲ་ཐོག་ཏུ་ཉི་ཧོང་གི་སྲིད་བློན་གསར་པའི་ཐད་རྒྱ་ནག་གིས་སེམས་འཚབ་བྱེད་དོན་གང་ཡིན་ཞེས་པའི་རྩོམ་ཡིག་ཅིག་སྤེལ་འདུག རྩོམ་ཡིག་གི་ནང་དུ་རྩོམ་པ་པོས་ཉི་ཧོང་གི་སྲིད་བློན་གསར་པ་ནི་རྒྱ་ནག་གི་ཐོག་ལངས་ཕྱོགས་མཁྲེགས་འཛིན་ཅན་ཞིག་དང་། ཐའེ་ཝན་ལ་མཛའ་འབྲེལ་ཡོད་པས་རྒྱ་ནག་མ་དགའ་བ་བྱས་པར་ཧ་ལས་དགོས་དོན་ཡོད་མ་རེད་ཅེས་བརྗོད་འདུག

ཉི་ཧོང་གི་སྲིད་བློན་གསར་པ་ལྕམ་སྐུ་ས་ན་ཨེ་ ཏ་ཀ་ཨི་ཆི་ནི་ཉི་ཧོང་གི་གཞུང་འཛིན་ཚོགས་པ་སྟེ། རང་དབང་མང་གཙོ་ཚོགས་པའི་འགོ་ཁྲིད་ཆགས་ཡོད་པ་མ་ཟད། ཉི་ཧོང་གི་ལོ་རྒྱུས་ཁྲོད་བུད་མེད་སྲིད་བློན་ཐོག་མ་དེར་གྱུར། རྒྱ་ནག་གིས་དོགས་ཟོན་ཆེན་པོས་ཉི་ཧོང་རྒྱལ་ཁབ་ཀྱི་འགོ་ཁྲིད་གསར་པར་བལྟ་མུས་དང་། སྲིད་བློན་གསར་པའི་འགོ་ཁྲིད་ནི་མཚོན་དོན་ཙམ་མ་ཡིན་པ། དེས་ཉི་ཧོང་གི་ནང་ཁུལ་ཆབ་སྲིད་དང་། ས་ཁུལ་གྱི་གནས་སྟངས། དེ་བཞིན་རྒྱ་ནག་ལ་འཛིན་པའི་སྲིད་བྱུས་བཅས་ལ་འགྱུར་བ་གཏོང་སྲིད་པའི་བརྡ་ཞིག་སྟོན་གྱི་ཡོད་པ་བརྗོད་འདུག
ཉི་ཧོང་གི་སྲིད་བློན་གསར་པ་ནི་ཡོངས་གྲགས་སུ་རྙིང་ཞེན་ཅན་དང་ཆབ་སྲིད་ཀྱི་ལངས་ཕྱོགས་མཁྲེགས་འཛིན་བྱེད་མཁན་ཞིག་ཏུ་ངོས་འཛིན་བྱས། ཁོང་ནི་ཉི་ཧོང་གི་སྲིད་བློན་ཟུར་པ་ཤིན་ཛོ་ཨ་བྷེ་དང་མཐུན་ཞིང་། ཁོང་གི་འཛམ་གླིང་ལྟ་ཚུལ་ཡང་སྲིད་བློན་ཟུར་པ་ཨ་བྷེ་དང་མཚུངས་པ། རྒྱལ་སྲུང་ཐོག་དོ་ནན་པོ་དང་རྒྱ་ནག་ལ་ལྟ་སྟངས་མི་ལེགས་པ། རྒྱ་གར་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཉི་ཧོང་གི་ནུས་པ་ཆེ་རུ་གཏོང་རྒྱུ་ལ་འབད་བརྩོན་བྱེད་མཁན་ཞིག་ཆགས་ཡོད་པས། མཐུན་ཕྱོགས་རྒྱལ་ཁབ་སོགས་ཀྱིས་ཁོང་གི་ཁ་གསལ་གཏིང་གསལ་དང་ཐག་གཅོད་གྱི་རང་བཞིན་སོགས་ལ་དགའ་བསུ་ཞུ་སྲིད་ཀྱང་། རྒྱ་ནག་གིས་ད་ལྟ་ནས་དོགས་ཟོན་བྱེད་བཞིན་ཡོད་པ་རེད་ཅེས་བརྗོད་འདུག
སྲིད་བློན་གསར་པ་ཏ་ཀ་ཨི་ཆིས་དུས་རྒྱུན་དུ་རྒྱ་ནག་ནི་འཐབ་བྱུས་ཀྱི་ཉེན་ཁ་ཞིག་ཡིན་པར་ངོས་འཛིན་བྱས་ཞིང་། ཐའེ་ཝན་སོགས་ཀྱི་གནད་དོན་ཁག་ཅིག་ནི་དུས་ཡུན་རིང་པར་ཛ་དྲག་ཏུ་གནས་ཡོད་པ་དང་། ཁོང་གི་འགོ་ཁྲིད་འོག་གནད་དོན་དེ་ཚོའི་ཐོག་སྲིད་བྱུས་དེ་བས་ཀྱང་མཁྲེགས་པོ་ཆགས་རྒྱུར་ཚོད་དཔག་བྱེད་བཞིན་ཡོད་པ། སྔོན་ཆད་ཉི་ཧོང་གི་འགོ་ཁྲིད་ཚོས་ཐའེ་ཝན་ཐོག་གི་རྩོད་རྙོག་གང་ཞིག་ཡིན་ཡང་། དེས་ཐད་ཀར་ཉི་ཧོང་གི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་སྲིད་པའི་ཉེན་བརྡ་བཏང་ཡོད་པ། སྲིད་བློན་གསར་པས་གནད་དོན་དེ་སྲ་བརྟན་དུ་གཏོང་སྲིད་པ། ལྷག་པར་དུ་ཉི་ཧོང་གི་དམག་འཁྲུག་ནང་འདས་པའི་དཔའ་བོ་རྣམས་ལ་གུས་བརྩི་ཞུ་སའི་ཡ་སུ་ཀུ་ནི་༼Yasukuni Shrine༽ དུར་ཁྲོད་དུ་ཁོང་ཡང་ཡང་བསྐྱོད་ཡོད་པ་མ་ཟད། སྲིད་བློན་གྱི་དུས་སྐབས་སུའང་དེ་འདྲ་བསྐྱོད་རྒྱུ་མིན་རབས་བཤད་མེད་པ་བརྗོད་འདུག དུར་ཁྲོད་དུ་བསྐྱོད་པར་རྒྱ་ནག་གིས་ཁོང་ཁྲོ་བྱེད་ཀྱི་ཡོད་འདུག
ཕྱི་ལོ་༢༠༢༥ ལོ་ནི་རྒྱ་ནག་གིས་ཉི་ཧོང་གི་དྲག་རྒོལ་ལ་ངོ་རྒོལ་བྱས་པའི་མི་དམངས་ཀྱི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་༨༠ འཁོར་བའི་དུས་ཚིགས་ཡིན་ཞིང་། དྲན་ཤེས་དེས་རྒྱ་ནག་གི་འགོ་ཁྲིད་དང་མི་མང་གི་བསམ་བློ་ལ་ད་དུང་ཡང་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་དང་། རྒྱ་ནག་གིས་འཛམ་གླིང་གི་འགོ་ཁྲིད་༢༥ ལྷག་ཙམ་མགྲོན་འབོད་ཀྱིས་རྒྱལ་ཁའི་དུས་ཆེན་དྲན་གསོ་བྱེད་ཀྱི་ཡོད་པ་སོགས། སྲིད་བློན་གསར་པ་ནི་ལོ་རྒྱུས་ཀྱི་འགག་རྩ་ཅན་གྱི་སྐབས་ཤིག་ཏུ་འཁེལ་ཡོད་པ་བརྗོད་འདུག
རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཐོག་ཏུ། རྒྱ་མི་ཚོས་ཉི་ཧོང་གི་སྲིད་བློན་གསར་པར་ལྟ་བ་མཁྲེགས་འཛིན་ཅན་གྱི་གཡས་ཕྱོགས་པ་དང་། རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་ཞེས་མིང་བཏགས་ནས། ཁོང་གིས་ནན་ཅིང་གི་དམར་གསོད་དོན་རྐྱེན་ཁས་མི་ལེན་པ། རྒྱ་ནག་གི་ཉེན་ཁ་ཞེས་པ་དེ་གཞི་རྒྱ་ཆེ་རུ་གཏོང་བཞིན་པ། ཐའེ་ཝན་ཐད་ཀྱི་རྩོད་རྙོག་ལ་སྐུལ་སློང་བྱས་པ་རེད་ཟེར་ནས་སྐྱོན་འཛུགས་བྱས་ཡོད་པ་དང་། རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཡོད་པའི་གནས་ཚུལ་དབྱེ་ཞིབ་པ་ཚོས་ཉི་ཧོང་གི་སྲིད་བློན་གསར་པས་དམར་ཐིག་གསུམ་སྟེ། ཐའེ་ཝན་དང་། ས་མཚམས་རྩོད་རྙོག དེ་བཞིན་ལོ་རྒྱུས་ཀྱི་འགྲེལ་བཤད་བཅས་གསུམ་ལ་འགྲན་སློང་ངམ་གདོང་ལེན་བྱེད་སྲིད་པར་སེམས་འཚབ་བྱེད་ཀྱི་ཡོད་པ་དང་། དཔལ་འབྱོར་གྱི་ཆ་ནས་བཤད་ན། ཁོང་དེ་སྔར་ཉི་ཧོང་གི་དཔལ་འབྱོར་བདེ་འཇགས་ཀྱི་བློན་ཆེན་ཡིན་པའི་སྐབས་སུ། རྒྱ་ནག་གི་དཔལ་འབྱོར་དང་ལག་རྩལ་སོགས་ལ་བརྟེན་མི་དགོས་པའི་ལས་འཆར་ལ་རྒྱབ་སྐྱོར་བྱས་ཏེ། རྒྱ་ནག་བརྒྱུད་མི་དགོས་པའི་མཁོ་སྤྲོད་རིམ་བརྒྱུད་༼Supply Chain༽ ཞེས་ཚོང་ལམ་གསར་པ་གཞན་དར་སྤེལ་བཏང་ཡོད་པ་རེད་ཅེས་བརྗོད་འདུག
དེ་བཞིན་ཉི་ཧོང་དུ་རྒྱ་མི་༨༠༠,༠༠༠ ལྷག་གནས་སྡོད་བྱེད་ཀྱི་ཡོད་པ་དང་། གྲངས་འབོར་དེས་ས་གནས་ཀྱི་གླ་ཆ་དང་འཚོ་བའི་འགྲོ་གྲོན་ལ་ཤུགས་རྐྱེན་ཐེབས་པ་དང་། ཡུལ་མི་མང་པོས་ཁོང་ཁྲོ་དང་མི་དགའ་བ་བྱེད་ཀྱི་ཡོད་པ་དང་། སྲིད་བློན་གསར་པའི་གཞིས་སྤོའི་སྲིད་བྱུས་ནི་དམ་དྲག་ཆེ་རུ་གཏོང་རྒྱུ་ཡིིན་པར་ཚོད་དཔག་བྱེད་ཅིང་། བྱ་སྤྱོད་དེས་ཉི་ཧོང་གི་རྒྱལ་ནང་གི་གནད་དོན་ཁག་ཅིག་ལ་འགལ་ཟླར་འགྱུར་སྲིད་པ་མ་ཟད། དཔལ་འབྱོར་དང་། ས་ཁུལ་གྱི་ཆབ་སྲིད། བདེ་འཇགས་བཅས་ཀྱི་ཐོག་ཤུགས་རྐྱེན་ཐེབས་སྲིད་པ་བརྗོད་འདུག
ཐའེ་ཝན་ནི་རྒྱ་ནག་དང་ཉི་ཧོང་གི་འབྲེལ་བའི་ཁྲོད་ཛ་དྲག་གི་གནད་དོན་ཞིག་ཏུ་གནས་རྒྱུ་ཡིན་པ་དང་།སྲིད་བློན་གསར་པས་ཐའེ་ཝན་ལ་མཛའ་མཐུན་གྱི་རྣམ་འགྱུར་དང་། བདེ་འཇགས་མཉམ་འབྲེལ་བྱེད་པར་གུ་ཡངས་ཀྱི་བསམ་ཚུལ་བསྟན་ཡོད་པ། ལྷག་པར་དུ་ཁོང་སྲིད་བློན་དུ་གཏན་འཁེལ་མ་བྱས་པའི་གཟའ་འཁོར་གཅིག་གི་སྔོན། ཁོང་གིས་ཐའེ་ཝན་ནི་གྲོགས་པོ་རྩ་ཆེན་ཞིག་ཅེས་བརྗོད་པ་མ་ཟད། ལག་བྲིས་ཡི་གེ་ཞིག་ཉི་ཧོང་གི་གྲོས་ཚོགས་འཐུས་མི་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་བརྒྱུད་ཐའེ་ཝན་གྱི་སྲིད་འཛིན་ལའེ་ཆིང་ཏེ་ལ་བསྐུལ་ཡོད་པ།
ཐོག་མའི་དུས་སྐབས་སུ་ཐའེ་ཝན་དང་འབྲེལ་བའི་ཐད་ལ་མངོན་གསལ་དོད་པོའི་བྱ་སྤྱོད་ཆེན་པོ་སྤེལ་མི་སྲིད་ན་ཡང་། ཁོང་མོས་ཐའེ་ཝན་ལ་རྒྱུན་དུ་རྒྱབ་སྐྱོར་བྱེད་བཞིན་པ་དེས། ཐའེ་ཝན་ནི་ཉི་ཧོང་གི་ས་ཁུལ་སྲིད་བྱུས་ཀྱི་གལ་ཆེན་གྱི་ཆ་ཤས་ཤིག་ཏུ་གྱུར་ཡོད་པ་མ་ཟད། རྒྱ་ནག་དང་ཉི་ཧོང་གི་འབྲེལ་ལམ་ཁྲོད་ཐའེ་ཝན་ནི་རྩོད་གཞི་ཅན་གྱི་གནད་དོན་ཞིག་ཏུ་གྱུར་ཡོད་པ་བརྗོད་འདུག
ཉི་ཧོང་གི་སྲིད་བློན་ཟུར་པ་ཨ་བྷེའི་སྲིད་བྱུས་དེ་གལ་སྲིད་གསར་དུ་འདེམས་ཐོན་བྱུང་བའི་ཉི་ཧོང་གི་སྲིད་བློན་གསར་པ་ཏ་ཀ་ཨི་ཆིས་བརྒྱུད་འཛིན་བྱས་ཚེ། ཉི་ཧོང་གིས་རང་ཉིད་ཀྱི་དམག་དོན་གྱི་སྟོབས་ཤུགས་དང་རྒྱལ་སྲུང་གི་ནུས་པ་ཤུགས་ཆེ་རུ་གཏོང་བ་དང་། རྒྱ་གར་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ཡོངས་སུ་འཐབ་བྱུས་མཉམ་ལས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་རྒྱུ། ས་གནས་ཀྱི་ལས་དོན་ནང་སྔར་ལས་བློ་ཐག་ཆོད་པོས་རང་ཉིད་ཀྱི་གནས་བབ་མངོན་པར་བྱེད་སྲིད་པས་རྒྱ་ནག་གི་ངོས་ནས་བཤད་ན། ཁོང་སྲིད་བློན་དུ་གྱུར་པ་དེས་ཕྱོགས་གཉིས་བར་གྱི་འབྲེལ་བར་དཀའ་ངལ་སྔར་ལས་ཆེ་བའི་ལེའུ་གསར་པ་ཞིག་གི་འགོ་འཛུགས་སྲིད་པ། ཉི་ཧོང་གིས་ཐའེ་ཝན་དང་ས་གནས་བདེ་འཇགས་སྐོར་སྔར་བས་གསལ་པོ་དང་ཤུགས་ཆེན་པོས་རང་ཉིད་ཀྱི་ལངས་ཕྱོགས་བསྟན་རྒྱུ་ཡིན་པ་བརྗོད་འདུག
ཏ་ཀ་ཨི་ཆི་ཉི་ཧོང་གི་སྲིད་བློན་དུ་བདམས་པ་ནི་ཉི་ཧོང་ཙམ་མ་ཡིན་པར་རྒྱ་གར་ཞི་བདེ་རྒྱ་མཚོའི་ས་ཁུལ་ཡོངས་ལ་མཚོན་ན་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཆགས་ཡོད་ན་ཡང་། རྒྱ་ནག་གི་ངོས་ནས་བཤད་ན། འདི་ནི་འཐབ་བྱུས་ཀྱི་ཐོག་ནས་བློ་བདེ་མོ་མེད་པའི་དུས་སྐབས་ཤིག་གི་འགོ་འཛུགས་ཡོད་པ་དང་། ཡིན་ན་ཡང་། ཁོང་ནི་ཉི་ཧོང་ནང་སྲིད་བློན་ཡང་ཡང་བརྗེ་དགོས་པའི་དཀའ་ངལ་ལས་ཐར་ཐུབ་མིན་དང་། ཁོང་གིས་ཆབ་སྲིད་ཀྱི་བརྟན་ལྷིང་བསྐྲུན་ནས་མི་མང་གི་རྒྱབ་སྐྱོར་ཐོབ་ཐུབ་མིན། དེ་བཞིན་རྒྱ་གར་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཉི་ཧོང་གི་ནུས་པ་གསར་པ་ཞིག་གཏན་འབེབས་བྱེད་ཐུབ་མིན་བཅས་ནི་ད་ལྟ་བརྗོད་དཀའ་བ་ཞིག་ཡིན་པ།
ཉི་ཧོང་གི་སྲིད་བློན་གསར་པས་རྒྱལ་ནང་དང་ས་གནས་ཀྱི་དཀའ་ངལ་རྣམས་ཇི་ལྟར་ཐག་གཅོད་བྱེད་མིན་གྱིས་ཁོང་མོའི་མ་འོངས་པའི་ཆབ་སྲིད་ཀྱི་གནས་བབས་གཏན་འབེབས་བྱེད་རྒྱུ་ཡིན་པ་དང་། རྒྱ་གར་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་བདེ་འཇགས་ཐད་ལ་ཁོང་ནི་བཟང་ཕྱོགས་ཀྱི་གནས་ཚུལ་ཞིག་ཡིན་པ་ནི་བརྗོད་མི་དགོས་པ་ཞིག་ཡིན་ཡང་། ཁོང་གི་མདུན་ལམ་ལ་དཀའ་ངལ་མང་པོ་ཞིག་ད་དུང་ལྷག་ཡོད་པ་བརྗོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
