ཉི་ཧོང་དང་རྒྱ་ནག་གི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་པ།
ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་༧ ཉིན། ཉི་ཧོང་གི་སྲིད་བློན་གསར་པ་ལྕམ་སྐུ་ས་ན་ཨེ་ ཏ་ཀ་ཨི་ཆི་ཡིས་གྲོས་ཚོགས་ནང་དྲི་བ་ཞིག་ལ་ལན་འདེབས་གནང་སྐབས། གལ་སྲིད་རྒྱ་ནག་གིས་ཐའེ་ཝན་ལ་བཙན་འཛུལ་བྱས་ཚེ། དེ་ནི་ཉི་ཧོང་གི་འཚོ་གནས་ལ་ཉེན་ཁ་བཟོ་བའི་གནས་སྟངས་ཤིག་ལ་བརྩི་རྒྱུ་ཡིན་ཞེས་དང་། ཉི་ཧོང་ནས་དམག་དོན་གྱི་ལན་འདེབས་བྱེད་སྲིད་ཅེས་གསུངས་པར་བརྟེན། རྒྱ་ནག་གིས་འཕྲལ་དུ་ངོ་རྒོལ་བྱས་ཏེ། སྲིད་བློན་གྱི་བཀའ་མོལ་དེ་ཕྱིར་འཐེན་བྱེད་དགོས་པའི་དགོས་འདུན་བཏོན། རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲོན་ཚབ་པ་མའོ་ནིང་གིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཏུ། ད་ལྟའི་གནས་སྟངས་འོག་ཉི་ཧོང་གི་མཚོ་ཟས་རྒྱ་ནག་ལ་ཕྱིར་ཚོང་བྱས་ན་ཡང་། ཁྲོམ་རའི་ནང་འཚོང་མི་ཐུབ་ཅེས་དང་། ཉི་ཧོང་གི་སྲིད་བློན་གསར་པས་སྐད་ཆ་ཕྱིར་འཐེན་མ་བྱས་ཚེ། རྒྱ་ནག་གིས་དོ་ནན་པོ་དང་བློ་ཐག་ཆོད་པོའི་བྱ་ཐབས་ལག་བསྟར་མི་བྱེད་ཀ་མེད་ཆགས་རྒྱུ་ཡིན་པ་བརྗོད་འདུག

དེ་རིང་སི་ཨན་ཨན་བརྙན་འཕྲིན་ལས་ཁང་༼CNN༽ གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གཞུང་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས། རྒྱ་ནག་གཞུང་གིས་ཉི་ཧོང་ནས་མཚོ་ཟས་ཀྱི་རིགས་ཕྱིར་ཚོར་བྱེད་རྒྱུ་བཀག་སྡོམ་བྱ་རྒྱུའི་འཆར་གཞི་ཡོད་པ་ཉི་ཧོང་གཞུང་ལ་བརྡ་ལན་སྤྲད་ཟིན་ཞེས་བརྗོད་འདུག སྤྱིར་ཉི་ཧོང་དང་རྒྱ་ནག་བར་ཉིང་རྡུལ་གློག་ཁང་ནས་བཙོག་ཆུ་ཕྱིར་གཏོང་དང་འབྲེལ། ཕྱོགས་གཉིས་བར་འགལ་བ་བྱུང་ནས། ཕྱི་ལོ་༢༠༢༣ ཟླ་༨ པ་ནས་རྒྱ་ནག་གིས་ཉི་ཧོང་གི་མཚོ་ཟས་ཀྱི་རིགས་བཀག་སྡོམ་བྱས་ཡོད་ན་ཡང་། ལོ་འདིའི་ལོ་མགོར་མཚོ་ཟས་ཕྱེད་ཙམ་ཞིག་བསྐྱར་དུ་ནང་འདྲེན་བྱེད་འགོ་བཙུགས་ཡོད་འདུག
རྒྱ་གཞུང་གིས་ཐའེ་ཝན་ནི་རང་གི་མངའ་ཁོངས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། གལ་སྲིད་དགོས་ངེས་བྱུང་ཚེ། དྲག་པོའི་ཐབས་ལམ་སྤྱད་ནས་ཐའེ་ཝན་དབང་དུ་བསྡུ་རྒྱུའི་དམ་བཅའ་བཞག་ཡོད་པས། རྒྱ་ནག་ལ་མཚོན་ན། ཐའེ་ཝན་གྱི་གནད་དོན་ནི་རྒྱལ་ཁབ་གཞན་དང་འབྲེལ་བ་བྱེད་སྐབས། ཚོར་བ་རྣོ་ཤོས་ཀྱི་གནད་དོན་ཞིག་ཏུ་གྱུར་ཡོད་འདུག
རྒྱ་གཞུང་གི་བརྒྱུད་ལམ་ཁག་ཏུ་ཉི་ཧོང་གི་སྲིད་བློན་གསར་པར་སྡང་སེམས་ཀྱི་གནས་ཚུལ་མང་པོ་སྤེལ་བ་དང་། ལྷག་པར་དུ་ཉི་ཧོང་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་པས་ཉི་ཧོང་གི་སྲིད་བློན་ལ་སྡང་སེམས་ཀྱི་སྐད་ཆ་བཤད་པར་བརྟེན། བདུན་འདིའི་རེས་གཟའ་ཟླ་བའི་ཉིན། ཉི་ཧོང་གིས་རྒྱ་ནག་ཏུ་ཡོད་པའི་མི་སེར་ཚོར་བདེ་འཇགས་ཀྱི་དོགས་ཟོན་ཆེ་རུ་གཏོང་དགོས་པ་དང་། མི་ཚོགས་འདུ་ས་ནས་གཡོལ་དགོས་པའི་ཉེན་བརྡ་བཏང་ཡོད་པ་མ་ཟད། སྲིད་བློན་གསར་པས་གྲོས་ཚོགས་སུ་བཤད་པའི་བཀའ་མོལ་དེ་གཞུང་གི་ལངས་ཕྱོགས་དང་མཐུན་པ་ཞིག་ཡིན་ལུགས་གསལ་སྟོན་བྱས་ཡོད་འདུག
རྒྱ་གཞུང་གིས་ཀྱང་རང་གི་མི་སེར་ཚོ་ཉི་ཧོང་དུ་ཡུལ་སྐོར་མི་འགྲོ་བའི་སྐུལ་མ་བཏང་པར་བརྟེན། གནས་ཚུལ་དབྱེ་ཞིབ་པ་ཚོས་ད་བར་མི་གྲངས་འབུམ་༥ ཙམ་གྱིས་ལག་ཁྱེར་༼Ticket༽ ཕྱིར་འཐེན་བྱས་ཡོད་པ་བརྗོད་འདུག ཉི་ཧོང་གི་ཡུལ་སྐོར་ལས་རིགས་ཀྱི་ཡོང་འབབ་དེ་རྒྱལ་ནང་ཐོན་སྐྱེད་ཕྱོགས་བསྡོམས་༼GDP༽ ཀྱི་བརྒྱ་ཆ་༧ ཙམ་ཟིན་ཡོད་པ་དང་། ཉི་ཧོང་དུ་ཡུལ་སྐོར་བའི་བརྒྱ་ཆ་ལྔ་ཆ་གཅིག་ཙམ་ནི་རྒྱ་ནག་དང་ཧོང་ཀོང་ནས་ཡོང་མཁན་ཆགས་ཡོད་འདུག
ཉི་ཧོང་དང་རྒྱ་ནག་བར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་པར་བརྟེན། རྒྱ་ནག་ཏུ་ཉི་ཧོང་གི་གློག་བརྙན་གྲགས་ཅན་གཉིས་གཟིགས་འབུལ་བྱེད་རྒྱུ་ཡིན་པ་དེ་ཕྱིར་འཐེན་བྱས་ཡོད་པ་མ་ཟད། རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་འཚོགས་འཆར་ཡོད་པའི་ཤེས་ཡོན་དང་འབྲེལ་བའི་རྒྱལ་ཁབ་གཉིས་ཀྱི་ལོ་འཁོར་ཚོགས་འདུ་དེ་ཡང་ཕྱིར་འགྱངས་བྱས་ཡོད་འདུག རྒྱལ་ཁབ་གཉིས་ཀྱི་དཀའ་ངལ་དེ་ཆབ་སྲིད་ཀྱི་གནད་དོན་ཞིག་ནས་འགོ་བཙུགས་ནས་ད་ཆ་ཤེས་ཡོན་དང་རིག་གཞུང་གི་ཁྱབ་ཁོངས་སུ་ཡང་དཀའ་ངལ་འཕྲད་བཞིན་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ
