ཉི་ཧོང་དུ་ནད་ཡམས་ཀྱིས་ཤི་བ་ལས་རང་ཤི་བརྒྱབ་པ་མང་བ་བྱུང་འདུག 

ད་ལོའི་ཕྱི་ཟླ་༡༠ པ་ཁོ་ནའི་ནང་ཉི་ཧོང་དུ་རང་ཤི་རྒྱག་མཁན་༢,༡༥༣ བྱུང་འདུག་ཅིང་། དེ་ནི་རྒྱལ་ཁབ་དེའི་ནང་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱིས་ཤི་བའི་གྲངས་ཀ་ལས་མཐོ་བ་ཆགས་འདུག 

འཛམ་གླིང་ཧྲིལ་པོར་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ཉེན་ཚད་མེད་འཕྲད་བཞིན་པའི་ལོ་འདིར། རྒྱལ་ཁབ་གཞན་དང་བསྡུར་ནས་ཨེ་ཤི་ཡའི་སྟོབས་ཆེན་རྒྱལ་ཁབ་ཉི་ཧོང་དུ་བདེ་འཇགས་ཕྲན་བུ་ཆེ་བ་བྱུང་ཡོད། ཡིན་ན་ཡང་། ནད་ཡམས་ཀྱི་དབང་གིས་ཉི་ཧོང་ལ་དཀའ་ངལ་གཞན་ཞིག་འཕྲད་ཀྱིན་ཡོད་འདུག 

ཉི་ཧོང་རྒྱལ་ཡོངས་ཉེན་རྟོག་ཁང་(Japan’s National Police Agency) ནས་གསར་དུ་བཏོན་པའི་སྙན་ཐོ་ལྟར་ན། འདི་ལོའི་ཕྱི་ཟླ་༡༠ པ་ཁོ་ནའི་ནང་ལ་རྒྱལ་ཁབ་དེར་རང་ཤི་རྒྱག་མཁན་༢,༡༥༣ བྱུང་འདུག་པ་དང་། དེ་ནི་རྒྱལ་ཁབ་དེའི་ནང་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱིས་ཤི་བའི་གྲངས་ཀ་ལས་མཐོ་བ་ཆགས་ཡོད་འདུག་སྟེ། ཉི་ཧོང་འཕྲོད་བསྟེན་ལས་ཁུངས་ནས་བཏོན་པའི་གྲངས་ཐོ་ལྟར་ན། ད་བར་དུ་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱིས་ཤི་བའི་གྲངས་ཀ་༢,༠༨༧ ཡིན་འདུག 

ཉི་ཧོང་ནི་རང་ཤི་རྒྱག་མཁན་ཚོའི་གྲངས་ཐོ་དུས་ཐོག་ཏུ་འདོན་སྤེལ་ཐུབ་མཁན་གྱི་རྒྱལ་ཁབ་ཉུང་ཤས་ཤིག་ཡོད་པའི་ཁྲོད་ནས་གཅིག་ཡིན་འདུག་སྟེ། དཔེར་ན་སྟོབས་ཆེན་རྒྱལ་ཁབ་ཨ་རི་ལ་མཚོན་ན་ཡང་། རང་ཤི་བརྒྱབ་ནས་གྲོངས་པའི་རྒྱལ་ཡོངས་གྲངས་ཐོ་གསར་ཤོས་དེ་༢༠༡༨ ཡི་གྲངས་ཐོ་ཡིན་འདུག དེར་བརྟེན་ཉི་ཧོང་གི་གྲངས་ཐོ་དེ་ནི་རྒྱལ་ཁབ་གཞན་ལ་ཝུའུ་ཝན་ཏོག་དབྱིབས་ནད་ཡམས་ཀྱིས་སེམས་ཁམས་ལ་གནོན་སྐྱོན་ཅི་ཙམ་ཐེབས་ཡོད་པ་སྟོན་བྱེད་ཅིག་ཡིན་འདུག

འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་གྲངས་ཐོ་ལྟར་ན། ཉི་ཧོང་ནི་འཛམ་གླིང་ནང་རང་ཤི་རྒྱག་མཁན་མང་ཤོས་ཡོད་སའི་རྒྱལ་ཁབ་ཅིག་ཡིན་པ་དང་། དེའི་རྒྱུ་རྐྱེན་ནི་ལས་ཀའི་བྲེལ་བ་ཆེ་བ་དང་། སློབ་གྲྭའི་གནོན་ཤུགས། སྤྱི་ཚོགས་ནང་ཁེར་རྐྱང་དུ་གནས་པ་སོགས་ཡིན་འདུག 

ཉེ་བའི་ལོ་ངོ་བཅུའི་ནང་ལ་ཉི་ཧོང་དུ་རང་ཤི་རྒྱག་མཁན་གྱི་གྲངས་ཀ་ཉུང་ནས་ཉུང་དུ་ཕྱིན་ཏེ་ན་ནིང་༢༠,༠༠༠ ཙམ་ལས་བྱུང་མི་འདུག་པ་དང་། དེ་ནི་ཕྱི་ལོ་༡༩༧༨ ལོར་སྲིད་གཞུང་གིས་རང་མེད་བྱེད་མཁན་ཚོའི་གྲངས་ཐོ་ཉར་འགོ་བརྩམས་པ་ནས་བཟུང་ཆེས་དམའ་ཤོས་དེ་ཡིན་འདུག 

ཡིན་ན་ཡང་། འདི་ལོར་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནས་ཁྱབ་པའི་ནད་ཡམས་ལ་བརྟེན་ནས་གནས་ཚུལ་དེར་འགྱུར་བ་ཕྱིན་ཡོད་འདུག་སྟེ། ལོ་སྔོན་མ་དང་བསྡུར་ན་འདི་ལོའི་ཕྱི་ཟླ་༡༠ པའི་ནང་བུད་མེད་རང་ཤི་རྒྱག་མཁན་གྱི་བརྒྱ་ཆ་༨༣ ཙམ་དང་། སྐྱེས་པའི་བརྒྱ་ཆ་༢༢ ཙམ་ཡར་འཕར་ཡོད་འདུག 

དེ་ལྟར་བུད་མེད་རང་སྲོག་གཅོད་མཁན་མང་དུ་འགྲོ་བའི་རྒྱུ་མཚན་གཅིག་ནི། མགྲོན་ཁང་དང་། ཟ་ཁང་། ཚོང་ཁང་ལྟ་བུའི་ཞབས་ཞུའི་ལས་རིགས་ཀྱི་ཆ་ཤས་ཆེན་པོ་ཞིག་བུད་མེད་ཀྱིས་ཟིན་ཡོད་པས། ནད་ཡམས་ཀྱིས་ལས་རིགས་དེ་དག་ལ་ཤུགས་རྐྱེན་ཐེབས་ནས་བུད་མེད་ཚོའི་ལས་ཀ་ཤོར་བས་ཡིན་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།