ཉི་ཧོང་དུ་ས་ཡོམ་གོད་ཆག་བྱུང་བར་༧གོང་ས་མཆོག་གིས་ཐུགས་སྨོན་དང་གསུང་འཕྲིན་གནང་། 

བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བའི་པར།

ཕྱི་ལོ་༢༠༢༤ ཟླ་བ་ ༠༡ ཚེས་ ༠༡ ཉིན་ཉི་ཧོང་དུ་ས་ཡོམ་བརྒྱབས་ཏེ་ཉུང་མཐར་མི་༦༠ ཙམ་གྱི་ཚེ་སྲོག་ཤོར་བ་དང་ཁང་པ་མང་པོར་གཏོར་བཤིག་བཏང་བ་སོགས་མི་རྒྱུ་གཉིས་ཀར་གོད་ཆག་ཆེན་པོ་བྱུང་འདུག་པར་བརྟེན། ཕྱི་ཚེས་༠༢ ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་སྤྱི་ཁྱབ་བློན་ཆེན་ཧྥོ་མིའོ་ཀི་ཤི་ཊའི་མཚན་ཐོག་ཏུ། (Fumio Kishida) ཐེངས་འདིའི་ས་འགུལ་གྱི་གོད་ཆག་ལ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་འདུག

མགོན་པོ་གང་གི་གསུང་འཕྲིན་ནང་དུ། ཁོང་གིས་རང་བྱུང་གི་གོད་ཆག་འདིའི་ཁྲོད་ཚེ་སྲོག་ཤོར་མཁན་རྣམས་ལ་བསྔོ་སྨོན་དང་། ཁོང་ཚོའི་ལྟོས་བཅས་ནང་མི་དང་ཆག་སྒོའི་གནོད་སྐྱོན་འཕོག་མཁན་ཡོངས་ལ་སེམས་གསོ་གནང་རྒྱུ་ཡིན་པར་གསུངས་ཤིང་།

དེ་བཞིན་ཉི་འོང་གཞུང་གིས་རོགས་སྐྱོར་མཁོ་བའི་མི་རྣམས་ལ་ངལ་སེལ་རོགས་སྐྱོར་གང་ཐུབ་གནང་བཞིན་པར་རྗེས་སུ་ཡི་རང་གནང་གི་ཡོད་པ་དང་། མགོན་པོ་གང་ཉིད་ཀྱང་ཤེས་རབ་སྙིང་པོ་ཉིན་རེ་བཞིན་འདོན་མཁན་ཞིག་ཡིན་པའི་ཆ་ནས། ཉི་ཧོང་གི་ནང་པ་ཚོས་ཀྱང་སྐབས་རེ་ཞལ་འདོན་འདི་འདོན་ཐུབ་ན་ཡག་པོ་ཡོད་པ། དེས་འཆི་བའི་ལྔ་ལམ་དུ་འགྲོ་མཁན་རྣམས་ལ་ཕན་པ་མ་ཟད། སླད་འཆར་ཡང་གོད་ཆག་ཟློག་པར་ཕན་ཐོགས་ངེས་ཡིན་པར་གསུངས་འདུག དེ་བཞིན་ད་ལྟ་ཁོང་ཉིད་རྒྱ་གར་གྱི་གནས་མཆོག་སྟོན་པ་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་སའི་གནས་རྡོ་རྗེ་གདན་དུ་བཞུགས་ཡོད་པ་དང་། དེར་དགེ་འདུན་པའི་སྡེ་དང་རྡོར་གདན་དུ་གནས་སྐོར་སྐྱོད་མཁན་ཚོའི་ལྷན་དུ་ཉི་ཧོང་གི་གོད་ཆག་ཁྲོད་ནས་གནོད་འཚེ་ཕོག་པའི་སྐྱེ་བོ་རྣམས་ཀྱི་ཆེད་དུ་ཤེས་རབ་སྙིང་པོ་འདོན་རྒྱུ་ཡིན་ཞེས་གསུངས་འདུག


གསར་འགོད་པ། བསྟན་འཛིན་ལམ་བཟང་།

Comments are closed.