ཉིན་གཅིག་ལ་ཉུང་མཐའ་བུད་མེད་གཅིག་དང་གཉིས་རང་ཤི་རྒྱག་གི་ཡོད་འདུག
ཟླ་འདིའི་ཚེས་༨ ཉིན་Telangana Today ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨབ་གྷ་ནི་སེ་ཐན་གྱི་ལུང་པའི་ནང་དུ་ཉིན་གཅིག་གི་ནང་དུ་ཉུང་མཐའ་ལ་བུད་མེད་གཅིག་དང་གཉིས་རང་ཤི་རྒྱག་གི་ཡོད་པའི་གནས་ཚུལ་འདུག
རྗེ་ནི་ཝ་རུ་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཞིག་འཚོགས་ནས་ཨབ་གྷ་སེ་ཐན་ལུང་པ་དེ་ཏ་ལི་བྷན་གྱིས་དབང་བསྒྱུར་བྱས་པའི་རྗེས་སུ་ཡུལ་དེར་ཡོད་པའི་བུད་མེད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ལ་བགྲོ་གླེང་བྱས་ཡོད་པ་དང་། སྐབས་དེར་ཨབ་གྷ་ནི་སེ་ཐན་གྱི་གྲོས་ཚོགས་ཀྱི་ཚོགས་གཞོན་ཟུར་པ་ཀོ་ཧྥེ་ཡིས་(Fawzia. Koofi) ཨབ་གྷ་སེ་ཐན་གྱི་བུད་མེད་ཚོ་ལ་གོ་སྐབས་ཉུང་དྲགས་པ་དང་། སུན་གཙེར་བཟོ་བ་དང་གནོན་ཤུགས་ཆེ་དྲགས་པའི་རྐྱེན་གྱིས་ཉིན་རྟག་པར་ཉུང་མཐའ་ལ་བུད་མེད་གཅིག་གམ་གཉིས་ཀྱིས་རང་སྲོག་གཅོད་ཀྱི་ཡོད་པ་དང་། ཁྱིམ་ཚང་དག་ལ་དཔལ་འབྱོར་མེད་པའི་དཀའ་ངལ་དང་ཤུགས་རྐྱེན། དེ་བཞིན་ཁྱིམ་ཚང་དག་གིས་བུ་མོ་ཚོ་ལ་རེ་བ་གང་ཡང་མེད་པ་མཐོང་ནས་ཐ་ན་བུ་མོ་ལོ་ན་དགུ་ལ་སོན་པ་དག་ཀྱང་བཙོང་གི་ཡོད་པ་སོགས་འགྲེལ་བརྗོད་བྱས་འདུག
སྔ་ལོ་ཕྱི་ཟླ་༨ ནང་དུ་ཏ་ལི་བྷན་གྱིས་ཨབ་གྷན་རྒྱལ་སར་བཙན་འཛུལ་གྱིས་སྲིད་དབང་བཟུང་ནས་གསར་འགོད་ལྷན་ཚོགས་ཐེངས་དང་པོ་ཚོགས་པའི་སྐབས་སུ། ཏ་ལི་བྷན་གྱི་སྲིད་དབང་འོག་ཏུ་ཁ་ཆེའི་ཆོས་ལུགས་ཀྱི་ཁྲིམས་ལུགས་འོག་ཏུ་བུད་མེད་ཀྱི་ཐོབ་ཐང་ལ་གུས་བརྩི་བྱེད་རྒྱུ་ཡིན་པ་དང་། བུད་མེད་རྣམས་ཀྱིས་ལས་ཀ་བྱེད་ཆོག་པ་དང་སློབ་སྦྱོང་བྱེད་ཆོག་པའི་སྐོར་བརྗོད་ཡོད་ཀྱང་། ད་ལྟའི་ཆར་བུད་མེད་ཚོས་ཚོང་ལས་གཉེར་རྒྱུའི་ཐོག་ལ་བཀག་སྡོམ་དང་ཆས་གོས་གྱོན་ལུགས་ཀྱི་ཐོག་ཏུ་དམ་དྲག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག
ད་ལྟའི་ཆར་ཏ་ལི་བྷན་གྱི་སྲིད་དབང་འོག་ཏུ་བུད་མེད་ཚོ་ལ་ལས་ཀ་མ་རག་པ་དང་སློབ་སྦྱོང་གི་གོ་སྐབས་མ་རག་པ། ཁྱིམ་དུ་རྡུང་རྡེག་གཏོང་བ་དང་གཉེན་སྒྲིག་གི་རང་དབང་མེད་པ། དཔལ་འབྱོར་གྱི་རྒྱབ་རྟེན་མེད་པས་དབུལ་ཕོངས་སུ་གནས་དགོས་པ་སོགས་ཀྱིས་བུད་མེད་མང་པོ་འ་ཆད་འུ་ཐུག་གིས་རང་ཤི་རྒྱག་གི་ཡོད་འདུག་ལ།ཨབ་གྷ་ནི་སི་ཐན་གྱི་ནང་དུ་རང་སྲོག་གཅོད་མཁན་གྱི་ཁྲོད་ནས་བརྒྱ་ཆ་བརྒྱད་ཅུ་ནི་བུད་མེད་ཡིན་འདུག །
གསར་འགོད་པ་བློ་བཟང་རྒྱ་མཚོ།