ཉིན་གཉིས་རིང་གི་བོད་སོག་འབྲེལ་ལམ་ཚོགས་འདུ་མཇུག་བསྒྲིལ།

སོག་ཡུལ་རྟེན་གཞི་བྱས་པའི་ཏེ་ལོ་རིན་པོ་ཆེའི་ཆོས་ཚོགས་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་། རུ་སོག་སྐུ་ཚབ་དོན་ཁང་བཅས་གསུམ་མཉམ་སྦྲེལ་གྱིས་གོ་སྒྲིག་ཞུས་པ།ཉིན་གཉིས་རིང་གི་བོད་སོག་འབྲེལ་ལམ་ཚོགས་འདུ་དེ་དྷ་ས་གངས་སྐྱིད་དཔེ་མཛོད་ཚོགས་ཁང་དུ་ཚོགས་སོང་།

དེ་ཡང་ཟླ་འདིའི་ཚེས་༢ ་ཉིན་གྱི་ཕྱི་དྲོ་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གཙོས་པའི་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ། ཚོགས་བཅར་བ་གཞན་རྣམས་སོགས་མཉམ་བཞུགས་ཐོག་ཉིན་གཉིས་རིང་གི་བོད་སོག་འབྲེལ་ལམ་ཚོགས་འདུའི་མཇུག་བསྡོམས་མཛད་སྒོའི་སྐབས་སུ། རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་ཡིས་འབྱུང་འགྱུར་མུ་མཐུད་བོད་སོག་འབྲེལ་ལམ་གྱི་ལོ་རྒྱུས་ཁ་སྐོང་ཆེད་ཕྱོགས་གཉིས་བར་མཉམ་ལས་དང་། དེ་ལྟ་བུའི་ཚོགས་འདུ་གང་མང་འཚོག་རྒྱུ་གལ་ཆེན་པོ་ཡིན་ཞེས་དང་། གཞན་ཡང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་གིས་སོག་པོའི་མཁས་པ་ཚོ་མཉམ་ཞུགས་ཐོག་ཆོས་ལུགས་ཙམ་མིན་པར་ང་ཚོ་ཐུན་མོང་གི་ལས་དབང་སོགས་ཀྱི་ཐོག་ལ་བགྲོ་གླེང་བྱུང་ཡོད་པ་དང་། སྔོན་མ་ཆབ་སྲིད་ཀྱི་གནས་སྟངས་ཤིག་གི་དབང་གིས་གོམ་པ་སྤོ་མ་ཐུབ་པ་ཞིག་དེ་རིང་ཐེངས་དང་པོ་སྤོས་ཡོད་པ་མ་ཟད། ཚོགས་འདུ་མཇུག་བསྒྲིལ་ན་ཡང་འབྲེལ་ལམ་དང་གོ་སྐབས་གསར་པ་ཞིག་འགོ་བཙུགས་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད་སོགས་གསུངས་སོང་།

དེ་བཞིན་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་རྒྱའི་དཀའ་རྙོག་སེལ་བར་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཤར་སྐྱོད་གནང་གི་ཡོད་པ་དང་། ད་ལྟའི་ཆར་ཨ་རིའི་གྲོས་ཚོགས་སུ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ཞིག་འགྲོ་མུས་ཡིན་ཞིང་། དེ་སྔོན་གྲོས་ཚོགས་འོག་མའི་ནང་མང་མོས་ཀྱིས་གཏན་འབེབས་ཟིན་རྗེས་ད་ལྟའི་ཆར་གྲོས་ཚོགས་གོང་མའི་གཏན་འབེབས་དང་སྲིད་འཛིན་གྱི་མཚན་རྟགས་འགོད་རྒྱུ་ལྷག་ཡོད་པ་གསལ་བཤད་དང་སྦྲགས། གལ་ཏེ་ཁྲིམས་འཆར་དེ་གཏན་འབེབས་ཐུབ་ཚེ། ཨ་རིའི་གཞུང་ངོས་ནས་བོད་ཀྱི་དངོས་ཡོད་ལོ་རྒྱུས་གནས་བབ་ལ་ངོས་འཛིན་གྱིས་རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱེད་བཞིན་པར་གདོང་ལེན་གནང་རྒྱུ་ཡིན་སོགས་གསུངས་སོང་།

སྤྱིར་ཚོགས་འདུ་དེ་ནི་དུས་རབས་ཉི་ཤུ་ནས་བཟུང་བོད་སོག་འབྲེལ་ལམ་ཐོག་མ་ཆད་པའི་རྒྱུ་རྐྱེན་དང་། བར་དུ་འབྲེལ་ལམ་བསྐྱར་གསོ་ཡོང་བའི་བརྒྱུད་རིམ། མ་འོངས་འཕེལ་ཕྱོགས་བཅས་ལ་གཙོ་བོ་དམིགས་ནས་སོག་ཡུལ་རྟེན་གཞི་བྱས་པའི་ཏེ་ལོ་རིན་པོ་ཆེའི་ཆོས་ཚོགས་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་། རུ་སོག་སྐུ་ཚབ་དོན་ཁང་བཅས་གསུམ་མཉམ་སྦྲེལ་གྱིས་གོ་སྒྲིག་ཞུས་པ་ཞིག་ཆགས་ཡོད་འདུག

ཚོགས་འདུའི་ཉིན་གྲངས་གཉིས་ཀྱི་རིང་། ཚོགས་བཅར་བ་ཚོས་ཕྱི་ལོ་ ༡༩༠༠ ནས་ ༡༩༡༣ བར་བོད་དང་སོག་པོ་གཉིས་རྒྱ་ནག་མན་ཇུའི་དབང་བསྒྱུར་འོག་ནས་རང་བཙན་ཐོབ་པའི་གནས་བབ། ཕྱི་ལོ་ ༡༩༡༡ ལོར་རྗེ་བཙུན་དམ་པས་སོག་ཡུལ་རང་བཙན་གསལ་བསྒྲགས་བསྐྱངས་པའི་གནས་སྟངས། ༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་བོད་རང་བཙན་གྱི་གནས་བབ་ལ་ངོས་འཛིན་ཐོབ་ཐབས་མཛད་ཚུལ་དང་ཆུ་གླང་རྩ་ཚིག་གི་གལ་གནད་སྐོར། སེ་ར་བྱེས་ཀྱི་སོག་པོའི་གྲྭ་རྒྱུན་དང་ད་ལྟའི་གནས་བབ། ཕྱི་ལོ་ ༡༩༧༩ རྗེས་ཀྱི་འབྲས་སྤུངས་སྒོ་མང་གི་སོག་པོའི་གྲྭ་རྒྱུན་སྐོར། སོག་ཡུལ་མི་སེར་རྒྱལ་ཁབ་ཀྱིས་བོད་དང་གཞུང་འབྲེལ་འབྲེལ་བ་འཛུགས་ཐབས་སྐོར། ཕྱི་ལོ་ ༡༩༧༩ ནས་ ༢༠༡༦ བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་དུ་ཆིབས་བསྒྱུར་བསྐྱངས་པའི་གལ་གནད་སོགས་ཀྱི་སྐོར་གསུང་བཤད་དང་བགྲོ་གླེང་གནང་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།