ཉེར་གཅིག་གི་སྲིད་སྐྱོང་སུ་ཞིག་འོས་སམ།

བཀྲ་ཤིས་དབང་འདུས་ཁོ་ནར་བཀྲ་ཤིས་པའི་རྟགས་ཤིག་འདུག

ནགས་ཤོད་ཅོང་བརྡ།

ད་སྔ་བར་བོད་ཀྱི་སྲིད་སྐྱོང་དག་ནི་༸གོང་ས་གནམ་གྱི་ཀ་ཆེན་ཕྱེད་བགྲེས་ཡོལ་དུ་ཕེབས་པ་དང་། བོད་ཀྱི་སྲིད་སྐྱོང་དང་པོ་དེ་ཟམ་གྱིས་བྱས་པ་དང་། དེའི་རྗེས་སུ་སེངྒེས་བྱས་པ་རེད། ད་ལོ་འབྲོང་གིས་བྱས་ན་སྐབས་རྗེས་མ་སྟག་ཡིན་ནམ་གཅིག་གིས་བྱ་སྲིད་པ་བཅས་ལ་བསམ་ཚེ། ཉེར་གཅིག་གི་སྲིད་སྐྱོང་དེ་ངེས་པར་དུ་མིས་བྱ་དགོས་སྣང་སྐྱེས་བྱུང་།

དེས་ན། སྲིད་སྐྱོང་དུ་བཞེངས་རྒྱུ་ཁ་སངས་ཟིན་པ་དཔའ་རྟུལ་བརྒྱད་ཀྱི་ནང་ནས་རྨ་དུག་གིས་རྒྱུགས་རྭ་མ་མཐོང་གོང་དུ་རྟ་ཁ་ཐེན་ཟིན་པ་དང་།  ད་ཡོད་སྐུ་ངོ་བདུན་གྱི་ནང་ནས་དཀྲུག་དཀྲུག་ཅིག་གཏོང་ཞིང་གཅིག་སྙབ་ན། ཡེ་ཤེས་ཕུན་ཚོགས་ལགས་རེད།  ཁོ་ནི་སྲིད་སྟེགས་སུ་འགྲོ་བའི་འོས་བབས་དང་གོ་སྐབས་གཉིས་ཀ་མེད།  ཅིའི་ཕྱེར་ཞེས་ན།  ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཟིན་ན། ད་དུང་སྲིད་སྟེགས་ཆག་རོ་ཞིག་གིས་རུས་པ་རྡུང་ཆེད་བྱ་རྒྱུ་ཡིན་ན་མ་གཏོགས་ཅི་ཞིག་བྱ་ཨང་། ཡང་དགོས་སུ་ཟམ་གདོང་བླ་མ་ལྟ་བུ་ཤམ་ཐབས་འོག་ཏུ་གྲི་ཆུང་བསྐུངས་ནས་འདུག་རྒྱུའི་གོ་སྐབས་བོད་མི་མང་གིས་སྤྲོད་མི་སྲིད་པ་ནི།  ཉེར་གཅིག་གཉིས་འདུས་ཀྱི་དུས་ཚོད་འདིས་ཁ་གྲག་པ་ཡིན། དེས་ན། ཡེ་ཕུན་ལགས་ནི་རྨ་དུག་ལྟར་རྟ་ཁ་རང་ངོས་ནས་ཐེན་ན་འོས་ཤིང་། དེ་ལྟར་མ་གནང་ནའང་། ན་ནིང་ལུག་རྫི་ཟགས་ས་རུ་ད་ལོ་ནོར་རྫི་ཟགས་འགྲོ་རྒྱུ་ཐག་གིས་བཅད་པ་ཡིན།

ཡེ་ཕུན་ལགས་ལྟག་རྒྱབ་ཀྱི་གཏོར་མ་ཞིག་གཡུགས་ཚར་བའི་རྗེས་སུ། ཡིག་ཚོགས་ལ་འཇིགས་ཤིང་དེ་མིན་མི་མགོ་དྲུག་པོ་འདི་སྤྱི་ཙམ་ལས་ཞིབ་ཆ་བྱ་འཆར་མེད།

ཁོ་ཚོ་ནི། ཕལ་ཆེ་བས་མི་ལོ་ཉི་ཤུ་སུམ་ཅུར་གངས་ཅན་སྐྱིད་གཞུང་གི་རྐུབ་བཀྱག་ཚ་བོ་མ་ཆགས་བར་དུ་མནན་ཟིན་ན། གྲུབ་འབྲས་ཆེན་པོ་འདི་འོ་ཞེས་པ་གེ་སྟོན་རྒྱུ་མེད་པར་སྲིད་སྐྱོང་གི་རྐུབ་བཀྱག་དེ་མནན་རྒྱུ་བྱུང་ན། གློ་བུར་དུ་ལྷ་འདྲེ་འདྲ་ཁོག་ཏུ་ཞུགས་རྒྱུ་ཡོད་ན་མ་གཏོགས། མིའི་ནུས་པ་ནི་སྔར་ནས་ཤེས་ཟིན་པ་དེ་ཡིན།

དཔེར་ན། སྤེན་ཚེ་ལ་རྒྱ་བོད་འདུན་མ་ཡོང་བའི་གཏམ་ཡོད་ན། གྲོས་ཚོགས་རྭ་བའི་དཔོན་ཆེན་ཡིན་དུས་ནས་བཤད་ན་ཆོག། བློ་གྲགས་ལ་༸གོང་ས་མཆོག་གི་དགོངས་པ་འགྲུབ་པའི་བློ་ཡོད་ན། བཀའ་བློན་གྱི་གོ་ཐོབ་ཡོད་དུས་ནས་བཤད་ན་ཆོག། རྒྱ་སྒྲོལ་ལ་གཞིས་བྱེས་འདྲེན་པའི་ཐབས་ཡོད་ན། བཀའ་ཤག་ལྷན་འཛོམས་ཐོག་ཏུ་བཤད་ན་ཆོག། འབྲོང་ཆུང་ལ་འགན་ཁུར་གྱི་གདེང་ཡོད་ན། བཀའ་ཤག་གི་ཕོ་བྲང་ནང་དུ་ཡོད་དུས་ནས་བཤད་ན་ཆོག། སྐར་རྡོར་ལ་དམིགས་བསལ་གྱི་ཇུས་ཆེན་ཡོད་ན། བློ་སེང་གི་སློབ་སྟོན་པ་ཡིན་དུས་ནས་བཤད་ན་ཆོག།  ཁྱོད་ཅག་ལ་སེམས་སུ་འཛིན་རྒྱུའི་ཚིག་དང་། རུམ་ལ་བསྡུ་རྒྱུའི་གྲོ་ཅི་ཞིག་ཡོད་ངེས་ན། སྤྱི་ཇུས་ཆེ་ཆེ་ཆུང་ཆུང་མེད་པར་འདུས་མ་བསྡུ་ཞིང་ཐག་གཅོད་བྱ་སྲོལ་ཡོད་པ་མ་ཡིན་ནམ།  སྒོར་མོ་ཡིན་ན་ད་ལོ་གསོག་ཅིང་ལོ་རྗེས་མ་སྤྱོད་ཟེར་བ་ཡོད་དར་བ་ལས། འཇོན་ཐང་དང་། ནུས་པ། འཆར་གཞི་སོགས་ད་ལོ་གསོག་འཇོག་བྱ་ཞིང་སྲིད་སྐྱོང་གི་རྐུབ་བཀྱག་ཐོབ་དུས་སྤྱོད་དགོས་ཟེར་བ་གོ་མ་མྱོང་། དེ་འདྲ་ཞིག་ཡོད་པའི་དབང་དུ་བཏང་ན་ཁྱོད་ཅག་ནི་ལྷག་བསམ་མེད་པའི་གྲལ་དུ་ངོས་ལེན་བྱས་པ་མ་ཡིན་ནམ།

དེ་འདྲ་ཡིན་དུས། ཁྱོད་ཅག་གི་མིང་སྐམ་དེ་སྲིད་སྐྱོང་ཞེས་དངོས་སུ་བྲིས་མ་བྲིས་ཙམ་ལས། བཤད་རྒྱུ་དང་སྒྲུབ་རྒྱུ་གཉིས་ཀའི་གོ་སྐབས་མ་བྱུང་བ་མིན་པར་ནུས་པ་དེ་འདྲ་དེ་འདྲ་ཞིག་ཡིན་པ་ཁ་ཆུང་དབང་ཆུང་གི་མི་དམངས་ང་ཚོའི་སེམས་སུ་རི་མོར་དོད་ཡོད།

ཁྱོད་ཅག་གི་མིང་གི་མགོ་རུ་སྲིད་སྐྱོང་ཞེས་དངོས་སུ་བྲིས་ཚེ། ད་གཟོད། རྡེབ་རྡེབ་སྤྲུག་སྤྲུག་གཏོང་རྒྱུ་མེད་ན་མ་གཏོགས་བཏང་ཟིན་པའི་རྩམ་ཁུག་རྙིང་པ་ལྟ་བུའི་བསམ་བློ་དེའི་གཤམ་ནས། སྣུམ་པོ་ཚོན་པོ་ཞིག་འདོན་ཡོང་རྒྱུ་ཡོད་མདོག་བྱས་མ་བྱས་མི་དམངས་གིས་གངས་སྐྱིད་ཀྱི་རྐུབ་བཀྱག་ཚ་བོ་བཟོ་མ་མྱོང་བའི་ན་གཞོན་ཞིག་ལ་གོ་སྐབས་འབུལ་རྩིས་ཡིན།

མ་གཞི་ཁྱེད་ཅག་ནི་གླེང་གཞི་ཆེན་པོ་ཅན་གྱི་མི་ཡིན་ཞིང་།  མི་མ་བསད་ན་རྒྱུ་ཟོས་པའི་གླེང་གཞི།  རྒྱུ་མ་ཟོས་ན་འཁོན་བརྩད་པའི་གླེང་གཞི།  འཁོན་མ་བརྩད་ན་འགན་མ་ལྕོག་པའི་གླེང་གཞི་སོགས་མི་རེ་རེར་ཕ་ཚ་བུ་རྒྱུད་ལ་དག་རྒྱུ་མེད་པའི་གླེང་གཞི་རེ་རེ་ཁུར་རྒྱུ་ཡོད་པ་མ་ཡིན་ནམ།  ངས་འདི་ལྟར་ཟེར་དོན་ནི། མི་འདི་ཚོས་མི་བསད། རྒྱུ་ཟོས། འཁོན་བརྩད་བྱས་པ་རེད་ཟེར་གྱི་མེད་ལ་དེ་ལྟར་མིན་པའི་ཡིད་ཆེས་ཀྱང་བྱ་བཞིན་ཡོད། ངས་བཤད་འདོད་པ་ནི་གླེང་གཞི་ཆེན་པོ་ཅན་གྱི་མིས་དོན་ཆེན་པོ་མི་འགྲུབ་པ་དང་།  དེའི་རྒྱུ་མཚན་ནི་གླེང་གཞི་ཅན་གྱི་མི་ལ་དམངས་ཀྱིས་ཡིད་ཆེས་བྱ་མི་སྲིད་པས་ཡིན།  མི་དམངས་ཀྱི་མགོ་འཁྲིད་ནི་མི་དམངས་སྤྱིས་ཡིད་ཆེས་ཐུབ་པ་ཞིག་དགོས་པ་ལས། རང་ཁོངས་ཁོ་ནའི་སེམས་སུ་ཨ་ཕའི་ཕུར་པ་ལྟ་བུ་ཞིག་ཡིན་པས་མི་ཕན།  ལར་མི་གླེང་གཞི་ཅན་ནི་མི་མང་སྤྱིས་བཀུར་སྟི་བྱ་ཐུབ་ཀྱི་མེད་པ་གསལ་པོ་ཡིན་ན།  རང་ངོས་ནས་སྤྱི་པའི་འགན་ཁུར་ཞིང་སོ་སོ་སླེབས་ཚོད་ཀྱི་ས་རུ་བསྡད་ན་འོས་སོ།།

དེས་ན། ང་ཚོས་བསམ་བློ་ཞིབ་ཏུ་གཏོང་ན་ད་ལོ་དུས་རབས་ཉི་ཤུ་རྩ་གཅིག་གི་ཉིས་སྟོང་ཉི་ཤུ་རྩ་གཅིག་ལོའི་སྲིད་སྐྱོང་ནི། བཀྲ་ཤིས་ཤིང་དབང་དུ་འདུས་པ་ཞིག་དགོས་པ་ཡིན།  འདི་ལྟར་བལྟས་ཡོང་ན་ད་ཡོད་མི་བདུན་གྱི་ནང་ནས་བཀྲ་ཤིས་དབང་འདུས་ཁོ་ནར་བཀྲ་ཤིས་པའི་རྟགས་ཤིག་འདུག། དེ་ནི་མི་འདི་ལ་ཁ་མི་དགེ་བའི་གླེང་གཞི་ཆེན་པོ་དེ་འདྲ་མེད་པས་མི་དམངས་ཀྱི་སྣེ་འཁྲིད་ཐུབ་པར་གསལ་བཤད་བྱས་པ་ཡིན།  གླེང་གཞི་མེད་པ་ཁོ་ནས་མི་དམངས་སྤྱིས་འོས་ཤིང་འཚམས་པའི་བཀུར་སྟི་བྱ་བཞིན་ཡོད་པ་བློ་དང་ལྡན་པ་རྣམས་ཀྱིས་ཤེས་སླ།  ད་ལྟ་རང་རེ་རྣམས་ཀྱིས་ཆུ་ཡ་རུ་མ་རུའི་ལ་རྒྱ་བརྩོད་ཅིང་། ལས་ཤོག་དང་ལས་ཐམ་གཉིས་ཀས་མི་འདང་བའི་སྐབས་སུ། ཆོལ་གསུམ་གཅིག་ཏུ་འཁྲིད་ཐུབ་མཁན་ཞིག་བྱུང་ན་བཀྲ་ཤིས་པའི་རྟགས་ཤིག་མ་རེད་དམ།  དེའི་ནུས་པ་བཀྲ་ཤིས་དབང་འདུས་ཁོ་ན་ལ་འདུག། ད་དུང་དེང་རབས་ཀྱི་སློབ་སྦྱོང་ཚད་མཐོ་བྱས་ཡོད་པས་རྒྱལ་སྤྱིའི་སྟེགས་བུ་དག་ཏུ་སེངྒེ་འགྲོ་འགྲོ་བྱ་ཐུབ་པ་དང་།  འཆར་གཞི་དང་ཕུགས་བསམ་སོགས་ལ་བློ་རྩེ་བརྟན་པ་འབྲོང་འགྱིང་འགྱིང་བྱ་ཕོད་པ་སོགས་ཀུན་འདུས་ཀྱི་མི་ཕོ་འདི་ད་ལོའི་སྲིད་སྐྱོང་དུ་འོས་པར་ངོ་སྤྲད་པ་ཡིན།

མཐའ་དོན། སྤྱི་ལོ་བདུན་བརྒྱ་དྲུག་ཅུ་རེ་གཉིས་ཟླ་བ་བཅུ་པར་སྟོབས་དང་ལྡན་པའི་བོད་དམག་གིས་སྨད་བརྒྱ་ནག་གི་རྒྱལ་ས་ཁྲང་ཨན་དུ་བཀྲ་ཤིས་ཁྲི་ལོ་ཁྱབ་བསྒྲགས་བྱ་མྱོང་བས་དང་། ད་ལོར་དུས་རབས་ཉི་ཤུ་རྩ་གཅིག་གི་ཉིས་སྟོང་ཉི་ཤུ་རྩ་གཅིག་ལ། སྟོད་རྒྱ་གར་གྱི་རི་གྲོང་རྡ་ས་ནས་བློ་དང་ལྡན་པའི་བོད་འབངས་ཀྱིས་བཀྲ་ཤིས་སྲིད་ལོ་ཁྱབ་བསྒྲགས་བྱ་ཐུབ་ན། བཀྲ་ཤིས་གཉིས་འཛོམ་གྱི་བར་ནས་བོད་མགོ་ནག་སྤྱི་བོ་གནམ་བསྟན་གྱི་མགོ་རུ་ཉི་མ་དྲོན་པོ་ཞིག་འཆར་རྒྱུ་ཡོང་བའི་རྟགས་དང་རྟེན་འབྲེལ་ཁྱད་པར་བ་ཞིག་མི་འདུག་གམ།

ངས་རྩོམ་ཐུང་འདི་བྲིས་ཟིན་པའི་རྗེས་སུ་གཞི་ནས་བཀྲ་སྟོབས་ལགས་བཞེངས་ཡོད་པར་མཐོང་བྱུང་བས། གོང་གི་རྩམ་ཁུག་སྟོང་པ་དེ་ཚོའི་གྲལ་དུ་མ་ཚུད་པ་ཡིན།  ལར་ནས་བཀྲ་སྟོབས་ལགས་ནི་ལུག་རྫི་སྣང་བ་སྐྱིད་པོ་ཞིག་ཡིན་པས། ལ་ཁ་སུམ་རྩེ་ནས་ཀི་རེ་བཏབ་ཀྱང་དེས་ཁོ་རང་སྣང་བ་སྤྲོ་ཆེད་མ་གཏོགས་བོད་མི་རིགས་ཡར་མར་གཉིས་ཀ་འདྲུད་འགྲོ་བའི་ཉེན་ཁ་མེད་པས་གླེང་གཞི་དུ་མ་མཐོང་པའང་ཡིན།

ཆོལ་གསུམ་གཅིག་ཏུ་འཁྲིད་པའི་བཀྲ་ཤིས་ཤོག།

མི་དགེའི་གླེང་གཞི་མེད་པའི་བཀྲ་ཤིས་ཤོག།

མདུན་གྱི་མངའ་འབངས་བྱམས་པས་དབང་དུ་འདུས།།

རྒྱབ་ཀྱི་དགྲ་བོ་ཐབས་ཀྱིས་དབང་དུ་འདུས།།

བཀྲ་ཤིས་དབང་འདུས་རྟགས་དང་རྟེན་འབྲེལ་འགྲིག།།

ཅེས་ངལ་གསོ་བའི་ཚིགས་སུ་བཅད་པའོ།།