ཊོ་རིན་ཊོ་རུ་རྒྱ་ནག་ལ་ཟས་བཅད་ངོ་རྒོལ་ལས་འགུལ།

ཟླ་འདིའི་ཚེས་ཚེས་༨ ནས་ཉིན་གསུམ་རིང་ཁེ་ན་ཊ་ཊོ་རིན་ཊ་གྲོང་འཁྱེར་གྱི་གྲོས་ཚོགས་འཐུས་མིའི་ལས་ཁུངས་མདུན་དང་རྒྱ་ནག་གཞུང་ཚབ་ཡན་ལག་སྒོ་བཅས་སུ་རྒྱ་ནག་ལ་ངོ་རྒོལ་གྱི་ཟས་བཅད་ངོ་རྒོལ་ཞིག་བྱེད་བཞིན་ཡོད་པ་རེད།

ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དེ་ནི་ས་གནས་དེའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། ཡུ་གུར་བ། རྒྱ་ནག་མང་གཙོའི་ལས་འགུལ་བ། ཧོང་ཀོང་རང་དབང་ལས་འགུལ་བཅས་ཐུན་མོང་གི་གོ་སྒྲིག་བྱས་པ་ཞིག་ཡིན་པ་དང་། བོད་མི་ཟས་བཅད་ངོ་རྒོལ་བ་ཚོས་དགོས་འདུན་གསུམ་བཏོན་ཡོད་པ་དང་། ༡། རྒྱ་ནག་གི་བཙན་འཛུལ་བོད་ནས་ཕྱིར་འཐེན་བྱས་ཏེ། བོད་རང་བཙན་གྱི་བདག་དབང་བོད་མིར་ཕྱིར་སྤྲོད་དགོས། ༢། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གཙོས་བོད་ཀྱི་སྲིད་དོན་བཙོན་པ་ཡོངས་རྫོགས་འཕྲལ་དུ་གློད་གྲོལ་དགོས། ༣། བོད་འབྲི་རུའི་གཙོས། བོད་ས་ཡོངས་ཧ་ཅང་དམ་དྲག་གི་གནས་སུ་ཡོད་པའི་བཙན་གནོན་འཕྲལ་དུ་མཚམས་འཇོགས་དགོསབཅས་དང་། “རྒྱ་ནག་གིས་དྲྭ་རྒྱ་དང་། སློབ་གྲྭ། བཟོ་ཚོང་ཁང་སོགས་བརྒྱུད་དེ། རྒྱལ་ཁབ་གཞན་དག་གི་གསང་བ་རྐུ་འཁྱེར་དང་། རྒྱལ་ཁབ་གཞན་དག་གི་སྲིད་དོན་ནང་སིམ་འཛུལ་བྱེད་དེ། རྒྱ་ནག་གི་དབང་ཤུགས་རྒྱ་སྐྱེད་ཆེད། རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་རང་དབང་དང་། བདེ་འཇགས་ལ་རྒྱ་ནག་གིས་ཉེན་ཁ་ཚབས་ཆེན་བཟོ་བཞིན་ཡོད་པ་མ་ཟད། ལྷག་པར་རྒྱ་ནད་ཀོ་རོ་ནཱ་ཆེད་བཟོ་དང་སྦས་འགེབས་འོག་ནས། འཛམ་གླིང་མི་མང་གི་ཚེ་སྲོག་ཤོར་བ་དང་། དེ་འབྲེལ་འཛམ་གླིང་ཧྲིལ་པོ་ཛ་དྲག་གི་དཀའ་ཁག་གནས་སུ་བསྐྱལ་ཡོད་པས། རྒྱལ་སྤྱིའི་རང་དབང་དང་བདེ་འཇགས་ཆེད་དུ། འཛམ་གླིང་མི་མང་གིས་ངེས་པར་རྒྱ་ནག་ལ་ངོ་རྒོལ་གདོང་ལེན་བྱ་དགོས་”ཞེས་འབོད་སྐུལ་བྱས་འདུག 

ངོ་རྒོལ་སྦྱར་ཡིག་ཁག་གི་ནང་། སྤྱིར་འགྲོ་བ་མིའི་ཐོབ་ཐང་དགོས་པ་དང་། བོད་ལ་རང་དབང་། ལྷོ་སོག་པོར་རང་དབང་། ཡུ་གུར་བར་རང་དབང་དགོས། ཐའེ་ཝན་གི་རང་དབང་སྲ་བརྟན་དགོས་ཞེས་འཁོད་འདུག

ཟས་བཅད་ངོ་རྒོལ་དེ་ཉིན་དང་པོར་ཊོ་རིན་ཊ་གྲོང་འཁྱེར་གྱི་གྲོས་ཚོགས་འཐུས་མིའི་ལས་ཁུངས་མདུན་དུ་བོད་དོན་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་ལས་འགུལ་དང་། ཚེས་༡༠ ཉིན་སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་ས་ནས་དེའི་རྒྱ་ནག་གཞུང་ཚབ་ཡན་ལག་ཟས་བཅད་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།། ཊོ་རིན་ཊོ་གཞོན་ལྷན་ངོ་དེབ་འབྲེལ་ཐག།

གསར་འགོད་པ་ཆོས་ཉིད་འོད་ཟེར།