ཊོམ་གྱི་བྱེད་སྟངས་ལ་བརྟེན་ནས་རྒྱ་དཀར་ནག་གཉིས་ཀྱིས་མཉམ་འབྲེལ་བྱེད་སྲིད་པར་བརྗོད་འདུག

ཨ་རི་དང་རྒྱ་གར་གཉིས་ཀྱི་འབྲེལ་ལམ་ལ་དཀའ་ངལ་འཕྲད་བཞིན་པའི་སྐབས། ཨ་རིའི་སྲིད་འཛིན་ཊོམ་གྱི་བྱེད་སྟངས་ལས་སྟངས་དབང་གིས་རྒྱ་གར་གྱིས་རྒྱ་ནག་དང་མཉམ་འབྲེལ་བྱེད་སྲིད་པའི་ཐོག ཨུ་རུ་སུས་ཀྱང་གོ་སྐབས་ལེན་སྲིད་པའི་རྩོམ་ཡིག་ཅིག་སྤེལ་འདུག

པར། INDEPENDENT

ཟླ་འདིའི་ཚེས་༧ ཉིན་༼INDEPENDENT༽ རང་དབང་ཞེས་པའི་གསར་ཁང་གིས་ཨ་རིའི་སྲིད་འཛིན་གྱི་ཚོང་ཁྲལ་ལ་བརྟེན།རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་བཟང་དུ་གཏོང་སྲིད་པའི་རྩོམ་ཡིག་ཅིག་སྤེལ་འདུག རྩོམ་ཡིག་ནང་། རེས་གཟའ་ལྷག་པའི་ཉིན། རྒྱ་གར་གྱིས་ཨུ་རུ་སུ་ནས་སྣུམ་ཉོས་པར་དམིགས་ཏེ། སྲིད་འཛིན་ཊོམ་གྱིས་རྒྱ་གར་གྱི་ཚོང་ཟོག་སྟེང་ཁྲལ་བརྒྱ་ཆ་༢༥% འཕར་མ་འགེལ་རྒྱུའི་གསལ་བསྒྲགས་སྤེལ་ནས། རྒྱ་གར་གྱི་དངོས་ཟོག་ཐོག་ཚོང་ཁྲལ་བརྒྱ་ཆ་༥༠% བར་འཕར་ཞིང་། འདི་ནི་ཨ་རིའི་ཚོང་དོན་མཉམ་ལས་བྱེད་མཁན་དག་ལ་བཀལ་བའི་ཚོང་ཁྲལ་མཐོ་ཤོས་ཀྱི་གྲས་ཤིག་ཏུ་གྱུར་ཡོད་པ་དང་།

རྒྱ་གར་གྱི་ཕྱི་འབྲེལ་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་ཆེད་དགོས་ངེས་ཀྱི་ཐབས་ལམ་ཡོད་ཚད་ལག་བསྟར་བྱེད་རྒྱུ་ཡིན་ཞེས་དང་། སྣུམ་ཉོ་སྒྲུབ་ནི་ཚོང་རའི་རྒྱུ་རྐྱེན་དང་རྒྱ་གར་གྱི་མི་འབོར་དུང་ཕྱུར་༡༤ ཡི་ནུས་པའི་༼Energy༽ དགོས་མཁོ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པར་བརྗོད་འདུག་ལ། ཨུ་རུ་སུའི་སྣུམ་ཉོས་པའི་རྒྱུ་མཚན་དུ་བྱས་ནས་རྒྱ་གར་ལ་ཚོང་ཁྲལ་བཀལ་བ་ནི་དྲང་བདེན་མིན་པ་དང་བློ་ཕམ་སྐྱེ་དགོས་པ་ཞིག་རེད་ཅེས་རྒྱ་གར་གཞུང་གིས་ཊོམ་གྱི་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་འདུག

ཊོམ་གྱིས་གལ་ཏེ་ཨུ་རུ་སུས་ཡུག་རེན་དང་ལྷན་དུ་ལོ་ངོ་གསུམ་ལྷག་འགྲོ་བཞིན་ཡོད་པའི་དམག་འཁྲུག་མཚམས་འཇོག་བྱེད་ཐབས་མ་བྱས་ཚེ། ཁོང་གིས་ཨུ་རུ་སུའི་སྟེང་དུ་ཉེས་ཆད་གསར་པ་འགེལ་རྒྱུ་མ་ཟད། དེའི་ནུས་པའི་ཐོན་རྫས་ཕྱིར་ཚོང་བྱེད་ཡུལ་གྱི་རྒྱལ་ཁབ་ཁག་ལ་ཡང་ཉེས་ཆད་འགེལ་རྒྱུ་ཡིན་ཟེར། ཡིན་ཡང་། ཨུ་རུ་སུའི་སྲིད་འཛིན་གྱིས་རང་གི་ལངས་ཕྱོགས་ལ་འགྱུར་བ་གཏོང་རྒྱུའི་རྣམ་པ་བསྟན་མེད་པ་བཀོད་འདུག

གནས་ཚུལ་དབྱེ་ཞིབ་པ་ཚོས་ཨེ་ཤེ་ཡ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་རྒྱ་ནག་གི་དབང་ཤུགས་ལ་གདོང་ལེན་བྱེད་པའི་ཐད་རྒྱ་གར་ནི་ཨ་རིའི་འཐབ་ཇུས་ཀྱི་མཐུན་གྲོགས་གལ་ཆེན་ཞིག་ཡིན་ན་ཡང་། ཨ་རིའི་ཚོང་ཁྲལ་གསར་པས་རྒྱ་གར་དང་རྒྱ་ནག་གཉིས་ཕན་ཚུན་གྱི་འབྲེལ་ལམ་དམ་ཟབ་ཏུ་གཏོང་རྒྱུའི་ཐབས་ལམ་འཚོལ་དུ་འཇུག་སྲིད་པ་བརྗོད་འདུག

ཊོམ་གྱིས་རྒྱ་གར་གྱི་དགྲ་བོ་དང་ཁྱིམ་མཚེས་རྒྱལ་ཁབ་པ་ཀི་སི་ཐན་དང་འབྲེལ་ལམ་དམ་ཟབ་ཏུ་གཏོང་རྒྱུའི་ཐབས་ཤེས་བྱས་ཡོད་པ་མ་ཟད། རྒྱ་གར་དང་པ་ཀི་སི་ཐན་བར་གྱི་དམག་མཚམས་བར་འདུམ་བྱས་པའི་མཛད་རྗེས་དེ་རང་ལ་ཡོད་ཚུལ་ཡང་ཡང་བཤད་ཀྱང་། རྒྱ་གར་གཞུང་གིས་དེ་ཁས་ལེན་བྱས་མེད་པ་རེད་འདུག

ཊོམ་གྱི་སྲིད་འཛིན་གྱི་དུས་ཡུན་དང་པོའི་སྐབས་བརྩིས་པའི་ཨ་རིའི་སྲིད་གཞུང་རིམ་པས་རྒྱ་གར་དང་ལྷན་དུ་འཐབ་ཇུས་འབྲེལ་ལམ་ཟབ་ཏུ་བཏང་ཡོད་ཀྱང་། ཉེ་དུས་ཊོམ་གྱི་བྱ་སྤྱོད་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ། ཕྱི་ལོ་༡༩༩༨ ལོར་ཨ་རིས་རྒྱ་གར་གྱི་རྡུལ་ཕྲན་ཚོད་ལྟའི་ཐད་ཉེས་ཆད་བཀལ་བ་ནས་བཟུང་། གནས་སྟངས་སྐྱོ་ཤོས་སུ་འཁྲིད་པའི་ཉེན་ཁ་ཡོད་པ་གནས་ཚུལ་དབྱེ་ཞིབ་པ་ཚོས་ཡིད་ཆེས་བྱེད་ཀྱི་ཡོད་འདུག

ཕྱི་ལོ་༢༠༢༠ ལོར། རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དམག་མིའི་བར་གདོང་ཐུག་དྲག་པོ་བྱུང་བའི་རྗེས། ཕྱོགས་གཉིས་ཀས་འབྲེལ་བ་བསྐྱར་གསོ་བྱེད་ཐབས་བྱས་ཤིང་། ད་ལོར་རྒྱལ་ཁབ་གཉིས་ཀས་གངས་རིན་པོ་ཆེའི་གནས་སྐོར་བསྐྱར་གསོ་བྱས་པ་དང་། ཡུལ་སྐོར་སྤྲོ་འཆམ་ཆེད་དུ་མཐོང་མཆན་བཀག་སྡོམ་ཡང་མཚམས་བཞག་ཡོད་པ། ལྷག་པར་དུ་རྒྱ་གར་གྱི་སྲིད་བློན་ལོ་ངོ་བདུན་ལྷག་གི་རྗེས་རྒྱ་ནག་ཏུ་བསྐྱོད་འཆར་གྱི་གྲ་སྒྲིག་བྱེད་བཞིན་པའི་དུས་སྐབས་སུ། ཊོམ་གྱིས་རྒྱ་གར་གྱི་དངོས་ཟོག་ཐོག་ཁྲལ་འཕར་མ་འགེལ་རྒྱུའི་གསལ་བསྒྲགས་དེ་སྤེལ་ཡོད་འདུག

ཨེ་ཤེ་ཡའི་སྤྱི་ཚོགས་སྲིད་བྱུས་ལྟེ་གནས་ཁང་གི་ལྷོ་ཨེ་ཤེ་ཡའི་ལས་འཆར་འགན་འཛིན་ཕར་ཝ་ ཨ་མིར་ (Farwa Aamer) གྱིས། གལ་ཏེ་ཨ་རི་དང་རྒྱ་གར་གྱི་འབྲེལ་བ་སྔར་བས་ཇེ་སྡུག་ཏུ་སོང་ན། དེས་རྒྱ་ནག་ལ་རང་གི་ཤུགས་རྐྱེན་རྒྱུན་འཁྱོངས་དང་། རྒྱ་སྐྱེད་གཏོང་རྒྱུར་རོགས་རམ་བྱེད་པ་མ་ཟད། དེས་རྒྱ་གར་གྱིས་རྒྱ་ནག་དང་འབྲེལ་ལམ་བརྟན་པོ་བཟོ་བྱེད་ཀྱི་རྒྱུ་རྐྱེན་གལ་ཆེན་ཞིག་ཆགས་སྲིད་པ་བརྗོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ནས་ཨ་རིའི་གཞུང་ཚབ་པ་ཟུར་པ་ནི་ཀི་ཧེ་ལི་ཡིས་ཨིག་སི་དྲྭ་ཐོག་ཏུ། རྒྱ་གར་དང་ལྷན་དུ་དཀའ་ལས་བརྒྱབ་ནས་བསྐྲུན་པའི་ཟམ་པ་དེ་མེར་མ་སྲེག་ཅེས་སྲིད་འཛིན་ཊོམ་ལ་ཉེན་བརྡ་བཏང་ཡོད་འདུག རྒྱ་ནག་གིས་ཀྱང་ཨུ་རུ་སུའི་སྣུམ་ནང་འདྲེན་བྱེད་ཀྱི་ཡོད་ན་ཡང་། རེས་གཟའ་ལྷག་པའི་ཉིན་ཊོམ་གྱི་འཛིན་སྐྱོང་བཀའ་རྒྱའི་ནང་། རྒྱ་ནག་གི་མིང་འཁོད་མེད་པ་དང་། རྗེས་སུ་ཁོས་རྒྱ་ནག་གི་ཚོང་ཟོག་ལ་ཡང་དེ་དང་འདྲ་བའི་ཁྲལ་འཕར་མ་འགེལ་སྲིད་ཅེས་བརྗོད་ཡོད་འདུག

རྒྱ་གར་གྱི་ཕྱི་འབྲེལ་མགྲིན་ཚབ་པ་རན་དྷིར་ ཇ་ཡི་སི་ཝལ་གྱིས། ཕྱི་ལོ་༢༠༢༤ ལོར་ཡུ་རོབ་མནའ་འབྲེལ་དང་ཨུ་རུ་སུའི་བར་གྱི་ཚོང་ཟོག་གི་ཕྱོགས་གཉིས་ཚོང་དོན་གྱི་རིན་ཐང་ཡུ་སྒོར་དུང་ཕྱུར་༦༧.༥ ཡིན་པ་དང་། ཕྱི་ལོ་༢༠༢༤ ལོར་ཡུ་རོབ་ཀྱིས་ནང་འདྲེན་བྱས་པའི་༼LNG༽ ཡི་ཚད་གཞི་ཏུན་ས་ཡ་༡༦.༥ ཟིན་ནས་ཟིན་ཐོ་གསར་པ་བཀོད་ཡོད་ལ། འདིས་ཕྱི་ལོ་༢༠༢༢ ལོའི་ཟིན་ཐོ་མཐོ་ཤོས་ཏུན་ས་ཡ་༡༥.༢༡ ལས་བརྒལ་ཡོད་པར་བརྗོད་འདུག། སྙན་ཐོ་ཁག་ལྟར་ན། ཡུ་རོབ་ཀྱི་སོལ་རླངས་ཀྱི་བརྒྱ་ཆ་ ༡༧ ཙམ་ད་དུང་ཡང་ཨུ་རུ་སུ་ནས་ཡོང་གི་ཡོད་འདུག

རྒྱ་གར་གཞུང་གི་དཔོན་རིགས་ཤིག་གིས། རྒྱ་གར་གྱིས་རིམ་བཞིན་ཨ་རི་དང་འབྲེལ་བ་བསྐྱར་གསོ་བྱེད་དགོས་པའི་མཚུངས་སུ། ཊོམ་གྱི་ཁྲལ་འགེལ་བ་དང་རོགས་རམ་གཅོད་པའི་དཀའ་ངལ་འཕྲད་པའི་རྒྱལ་ཁབ་གཞན་དག་སྟེ། ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱི་ཚོགས་མི་རྒྱལ་ཁབ་དང་། བྷི་རིག་སི་ (BRICS) ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་བཅས་དང་ལྷན་དུ་འབྲེལ་འདྲིས་མང་བ་བྱེད་དགོས་པ་བརྗོད་འདུག

རྒྱ་གར་གྱིས་རྒྱ་ནག་དང་འབྲེལ་བ་བསྐྱར་གསོ་བྱེད་བཞིན་པའི་སྐབས་འདིར། ཨུ་རུ་སུའི་སྲིད་འཛིན་ཡང་ད་ལོ་རྒྱ་གར་དུ་འཚམས་འདྲིར་ཡོང་རྒྱུའི་རེ་བ་ཡོད་འདུག ཨུ་རུ་སུས་ཨ་རི་དང་རྒྱ་གར་བར་གྱི་གས་ཁ་དེ་བེད་སྤྱད་ནས། ཨུ་རུ་སུ་དང་རྒྱ་གར། དེ་བཞིན་རྒྱ་ནག་བཅས། རྒྱལ་ཁབ་གསུམ་གྱི་གྲོས་མོལ་བསྐྱར་གསོ་དང་རྒྱལ་སྲུང་གི་ལས་གཞི་གསར་པ་འདོན་རྒྱུ་རེད་ཅེས་བརྗོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།