ཊོམ་གྱིས་པུ་ཌིན་ལ་སྐྱོན་བརྗོད་དང་ཡུག་རེན་ལ་མཁའ་དབྱིངས་འགོག་སྲུང་མ་ལག་སྤྲོད་རྒྱུ་རེད་འདུག 

ཨ་རིའི་སྲིད་འཛིན་ཊོམ་སྲིད་འཛིན་ཐེངས་གཉིས་པ་ཆགས་རྗེས། ཁོང་གིས་ཨུ་རུ་སུ་དང་ཡུག་རེན་གཉིས་བར་གྱི་དམག་འཁྲུག་དེ་གང་མགྱོགས་མཇུག་སྒྲིལ་ཐུབ་པ་བྱེད་རྒྱུ་ཡིན་ཞེས་བརྗོད་ནས་ཐབས་ཤེས་མང་པོ་བྱས་ཡོད་ཀྱང་། ཉེ་ཆར་ཨུ་རུ་སུའི་སྲིད་འཛིན་གྱིས་ཊོམ་དང་སྐད་ཆ་བཤད་ཚར་རྗེས་ཡུག་རེན་ལ་བསྐྱར་དུ་གཏོར་རྒོལ་ཚབས་ཆེན་བྱས་འདུག་པས། ཨ་རིའི་སྲིད་འཛིན་ཊོམ་གྱིས་ཁོང་ཁྲོ་ཆེན་པོའི་ཐོག་ནས་ཨུ་རུ་སུས་དོན་ཕན་ལྡན་པའི་དམག་འཁྲུག་མཚམས་འཇོག་ཡོང་ཐབས་སུ་གྲོས་མོལ་བྱེད་ཀྱི་མེད་པའི་སྐྱོན་བརྗོད་དང་འབྲེལ། ཡུག་རེན་ལ་མཁའ་དབྱིངས་འགོག་སྲུང་མ་ལག་གཅིག་སྤྲོད་རྒྱུའི་ཐག་བཅད་འདུག 

ཕྱི་ཚེས་༡༤ ཉིན་རྒྱ་གར་གྱི་(Fristpost)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་གཟའ་ཉི་མའི་ཉིན་ཨ་རིའི་སྲིད་འཛིན་ཊོམ་གྱིས་ཁོས་ཨུ་རུ་སུ་དང་ཡུག་རེན་གཉིས་བར་དམག་འཁྲུག་མཚམས་འཇོག་ཡོང་ཐབས་སུ་ཐབས་ཤེས་མང་པོ་བྱས་ཡོད་ཀྱང་། ཨུ་རུ་སུའི་སྲིད་འཛིན་པུ་ཌིན་གྱིས་སྐད་ཆ་ཡག་པོ་བཤད་ཀྱང་དགོང་མོ་ཡུག་རེན་ལ་གཏོར་རྒོལ་ཚབས་ཆེ་བྱེད་ཀྱི་འདུག ངས་པུ་ཌིན་ཁོང་ཁ་བདེ་ཚིག་ལ་གནས་མཁན་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། ཁོ་དེ་འདྲ་རེད་མི་འདུག ཁོས་སྐད་ཆ་སྙིང་རྗེ་མོ་བཤད་ཀྱང་། མི་མང་ཐོག་གཏོར་རྒོལ་ཚབས་ཆེན་བྱེད་ཀྱི་འདུག་ཅེས་སྐྱོན་བརྗོད་དང་། ཁོང་ཁྲོ་ཆེན་པོ་ལངས་ཡོད་འདུག་པར་བརྟེན། ངས་ཡུག་རེན་ལ་མཁའ་དབྱིངས་འགོག་སྲུང་མ་ལག་(Patriot)ཟེར་བ་དེ་སྤྲོད་རྒྱུ་ཡིན་ཞེས་བརྗོད་འདུག འོན་ཀྱང་། གྲངས་ཀ་ག་ཚོད་སྤྲོད་ཀྱི་ཡིན་མིན་གང་ཡང་བརྗོད་མི་འདུག་ཀྱང་། ཊོམ་ནས་ངས་འགོག་སྲུང་མ་ལག་འགའ་ཤས་སྤྲོད་རྒྱུ་ཡིན། ཁོང་ཚོ་ལ་ངེས་པར་དུ་ད་ལྟ་དགོས་ཀྱི་ཡོད་རེད་ཅེས་བརྗོད་འདུག མཁའ་དབྱིངས་འགོག་སྲུང་མ་ལག་(Patriot)ཟེར་བ་དེ་ལ་ཨ་སྒོར་ས་ཡ་༣ ཙམ་ཡིན་འདུག་ཅིང་། སྤྱི་ལེ་༡༠༠ ཡི་ཁྱབ་ཚད་དུ་གོ་མཚོན་ཅི་འདྲ་ཞིག་གཡུག་ཚེ་བར་གནམ་ཁྲོད་གཏོར་ཐུབ་པའི་ནུས་པ་ལྡན་ཡོད་འདུག་ལ། གོ་མཚོན་འགོག་རྒོལ་མ་ལག་དེ་དཀྱིལ་ཤར་ཡུལ་གྲུ་ཁག་ཏུ་ཨ་རིའི་གཞུང་གིས་བེད་སྤྱོད་ཆེན་པོ་བཏང་མྱོང་ཡོད་འདུག 

(AFP)གསར་ཁང་གིས་ཊོམ་ལ་ཨ་རིའི་ཕོ་བྲང་དཀར་པོས་དེ་སྔོན་བདུན་ཕྲག་གཉིས་སྔོན་དུ་ཡུག་རེན་ལ་གོ་མཚོན་སྤྲོད་རྒྱུ་གནས་སྐབས་རིང་མཚམས་བཞག་ཡོད་པའི་ཐག་གཅོད་དེ་འགྱུར་བ་ཕྱིན་པ་རེད་དམ་ཞེས་འདྲི་དུས།  ཊོམ་ནས་ང་ཚོའི་འཆར་གཞི་གསར་པའི་ནང་ཡོ་རོབ་ལྷན་ཚོགས་ནས་ང་ཚོ་ལ་དངུལ་སྤྲོད་ཀྱི་རེད། ང་ཚོས་ཁོང་ཚོ་ལ་ཧ་ཅང་ནུས་པ་ལྡན་པའི་དེང་རབས་ཀྱི་གོ་མཚོན་ཆ་ཤས་མང་པོ་སྤྲོད་རྒྱུ་ཡིན་པས། ཡོ་རོབ་ལྷན་ཚོགས་ནས་ང་ཚོ་ལ་དངུལ་ཆ་ཚང་སྤྲོད་ཀྱི་རེད། དེ་ང་ཚོའི་བར་ཚོང་རེད་ཅེས་བརྗོད་འདུག 

དེ་རིང་བྷི་བྷི་སིའི་གསར་ཁང་གིས་གནས་ཚུལ་སྤེལ་དོན་ལ། ཟླ་བ་འདིའི་ཚེས་༣ ཉིན་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་དང་ཨ་རིའི་སྲིད་འཛིན་ཊོམ་གཉིས་ཁ་པར་ཐོག་ཏུ་དམག་འཁྲུག་སྐོར་བཀའ་མོལ་གནང་ཡོད་འདུག་ཀྱང་། སྐབས་དེ་དུས་གྲོས་མོལ་ཚར་རྗེས། ཊོམ་ནས་གློ་བུར་དུ་བཀའ་བློན་ལྷན་རྒྱས་སྐད་བཏང་ནས་ཚོགས་འདུ་འཚོགས་ཡོད་འདུག ཚོགས་འདུའི་ཐོག་ཊོམ་གྱིས་པུ་ཌིན་གྱི་ངོས་ནས་ང་ཚོ་ལ་དཀའ་ངལ་ཆེན་པོ་སྤྲོད་ཀྱི་འདུག་ཅེས་བརྗོད་འདུག 

སྲིད་འཛིན་ཊོམ་གྱིས་དེ་རིང་ཨ་རིའི་དམིགས་བསལ་སྐུ་ཚབ་(Amos Hochstein)ཡུག་རེན་ལ་ཕྱིན་པ་དང་། བྱང་ཆིངས་སྒྲིག་འཛུགས་ཀྱི་དྲུང་ཆེས་(Mark Rutte)ཨ་རིའི་ཕོ་བྲང་དཀར་པོར་སྲིད་འཛིན་ཊོམ་དང་ཐུག་འཆར་ཡོད་པར་བརྗོད་ཡོད་འདུག་ལ། དེ་སྔོན་ཡུག་རེན་གྱི་སྲིད་འཛིན་གྱིས་ཡུག་རེན་ལ་མཁའ་དབྱིངས་འགོག་རྒོལ་མ་ལག་ཁག་ཅིག་རག་རྒྱུའི་ཐག་གཅོད་མཚམས་སུ་བསླེབས་ཡོད་པར་བརྗོད་འདུག སྲིད་འཛིན་ཊོམ་གྱིས་བསྐྱར་དུ་ནན་བཤད་བྱས་དོན་ལ། ཨུ་རུ་སུའི་སྲིད་འཛིན་པུ་ཌིན་གྱིས་སྐད་ཆ་སྙིང་རྗེ་པོ་བཤད་ཀྱང་། དགོང་མོ་མི་མང་ཉམ་ཆུང་ཐོག་གཏོར་རྒོལ་བྱེད་ཀྱི་འདུག་ཅེས་སྐྱོན་བརྗོད་བྱས་འདུག་ལ། གསར་འགོད་པས། ཨུ་རུ་སུའི་ཐོག་ཏུ་དཔལ་འབྱོར་ཉེས་ཆད་བསྐྱར་དུ་འགེལ་འཆར་ཡོད་དམ་ཞེས་འདྲི་དུས། ང་ཚོས་སང་ཉིན་ཤེས་ཀྱི་རེད། ཨུ་རུ་སུའི་ཐོག་ཏུ་གནས་ཚུལ་ག་རེ་ཡོང་གི་ཡོད་མེད་སང་ཉིན་ཤེས་ཀྱི་རེད་ཅེས་བརྗོད་འདུག་ཀྱང་། ཨ་རིའི་གཞུང་གིས་ཨུ་རུ་སུའི་ཐོག་ཏུ་བྱ་སྤྱོད་ག་རེ་སྤེལ་རྒྱུ་ཡིན་མིན་དེ་རིང་ཁ་གསལ་གྱི་གནས་ཚུལ་གང་ཡང་ཐོན་མི་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།