ཊོམ་གྱིས་རྒྱ་ནག་གི་བཟོ་ཚོང་ཁང་༣༡ ནང་མ་འཇོག་བྱེད་མི་ཆོག་པའི་བཀའ་ཁྱབ་བཏང་འདུག

ཨ་རིའི་སྲིད་འཛིན་ཊོམ་སྲིད་གཞུང་ནས་རྒྱ་ནག་གཞུང་དང་རྒྱ་ནག་གི་དམག་ལ་འབྲེལ་བ་ཡོད་པའི་བཟོ་ཚོང་ཁང་རྣམས་ཀྱི་ནང་དུ་ཨ་རིའི་མ་འཇོག་བྱེད་མི་ཆོག་པའི་བཀའ་ཁྱབ་བཏང་འདུག 

ཕྱི་ཟླ་ ༡༡ པའི་ཨ་རིའི་ཚེས་ ༡༢ རེས་གཟའ་ཕུར་བུའི་ཉིན་སྲིད་འཛིན་ཊོམ་གྱིས་མཚན་རྟགས་བཀོད་དེ་བཏང་བའི་བཀའ་ཁྱབ་དེའི་ནང་། རྒྱ་ནག་གི་ལག་ཐོགས་ཁ་པར་བཟོ་ཚོང་ཁང་(China Mobile Ltd) དང་། རྒྱ་ནག་བརྡ་འཕྲིན་བཟོ་ཚོང་(China Telecom Corp Ltd) ལྟ་བུའི་རྒྱ་ནག་གི་བཟོ་ཚོང་ཆེ་གྲས་༣༡ ནང་དུ་ཨ་རིའི་མ་འཇོག་དང་ཚོང་འབྲེལ་བྱེད་མི་ཆོག་པ་བཟོས་འདུག 

བཀའ་ཁྱབ་གསར་ཤོས་དེ་ལོ་རྗེས་མའི་ཕྱི་ཟླ་༡ ཚེས་༡༡ ནས་དངོས་སུ་ལག་བསྟར་བྱེད་རྒྱུ་ཡིན་འདུག་པ་དང་། རྒྱ་ནག་གི་བཟོ་ཚོང་དེ་དག་ཏུ་སྔ་མོ་ནས་མ་འཇོག་བྱས་ཟིན་པ་ཚོ་ལ་མ་འཇོག་ཕྱིར་བསྡུ་བྱེད་པའི་དུས་ཚོད་༢༠༢༡ ཕྱི་ཟླ་༡༡ ཚེས་༡༡ བར་སྤྲད་འདུག

ཕོ་བྲང་དཀར་པོ་ནས་བཏང་བའི་བཀའ་ཁྱབ་དེའི་ནང་། “རྒྱ་ནག་གིས་སོ་སོའི་དམག་དང་འཕྲུལ་ཆས། དེ་བཞིན་བདེ་འཇགས་ཀྱི་མ་ལག་གཞན་རྣམས་ཡར་རྒྱས་དང་དེང་རབས་ཅན་དུ་བསྒྱུར་བའི་ཆེད་དུ་ཨ་རིའི་མ་རྩ་རིང་ལུགས་ལ་བཤུ་གཞོག་བྱེད་པ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་”ཅེས་བཀོད་འདུག 

ད་ཐེངས་ཀྱི་བཀའ་ཁྱབ་འདི་ནི། བདུན་ཕྲག་གོང་མའི་སྲིད་འཛིན་འོས་བསྡུའི་ནང་མང་གཙོ་ཚོགས་པའི་འོས་མི་བྷ་ཌན་ལ་རྒྱལ་ཁ་ཐོབ་པའི་གསལ་བསྒྲགས་བྱས་པའི་རྗེས་སུ་ཊོམ་སྲིད་གཞུང་ནས་བཏོན་པའི་སྲིད་བྱུས་ཆེ་ཤོས་དེ་དང་། རྒྱ་ནག་ལ་མཐའ་གཅིག་ཏུ་ཁ་གཏད་གཅོག་རྒྱུ་ཡིན་པའི་རྣམ་འགྱུར་ཞིག་ཆགས་ཡོད་འདུག 

བརྒྱུད་ལམ་ཁག་གིས་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་བྷ་ཌན་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པའི་ཁྱབ་བསྒྲགས་བྱས་ཟིན་པའི་ཁར། འཛམ་གླིང་གི་འགོ་ཁྲིད་དང་མི་སྣ་གྲགས་ཅན་མང་པོ་ཞིག་གིས་ཁོང་ལ་རྟེན་འབྲེལ་གྱི་འཚམས་འདྲི་ཞུས་ཚར་ཡོད་ན་ཡང་། སྲིད་འཛིན་ལས་ཐོག་ཊོམ་གྱིས་འོས་བསྡུའི་བརྒྱུད་རིམ་ལ་དྲང་པོ་དང་ཁྲིམས་མཐུན་བྱུང་མེད་ཚུལ་བརྗོད་དེ་མངའ་སྡེ་མང་པོ་ཞིག་ལ་ཁྲིམས་གཏུག་དང་། འོས་གྲངས་བསྐྱར་བཤེར་བྱེད་བཞིན་པའི་སྒང་ཡིན། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།