ཊོམ་གྱིས་ཧོང་ཀོང་གི་མང་གཙོའི་ལས་འགུལ་བ་ཇིམ་མེ་ལའེ་གློད་གྲོལ་དགོས་ཞེས་བརྗོད་འདུག
ཧོང་ཀོང་ནང་རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཟེར་བ་དེ་ལག་བསྟར་བྱེད་འགོ་བཙུགས་པ་ནས་བཟུང་། ཧོང་ཀོང་གི་མང་གཙོ་དོན་གཉེར་བ་མང་པོ་ཞིག་འཛིན་བཟུང་དང་བཀག་ཉར་བྱས་ཡོད་པ་བཞིན། ཧོང་ཀོང་ནང་ཡོད་པའི་ཀུ་ཤུ་ཉིན་རེའི་ཚགས་པར་ (Apple Daily) གསར་འཛུགས་གནང་མཁན་དང་། ཆབ་སྲིད་པ་དང་ཚོང་པ་གྲགས་ཅན་ཇིམ་མི་ལའེ་ (Jimmy Lai) ལ་ཉེ་ཆར་ཧོང་ཀོང་ནང་ནག་ཉེས་ཆེན་པོ་བཙུགས་ཡོད་པར་བརྟེན། ཁོང་ལ་ཚེ་བཙོན་གྱི་ཉེས་ཆད་ཕོག་རྒྱུའི་ཉེན་ཁ་ཡོད།

ཕྱི་ལོ་༢༠༢༥ ཟླ་༡༢ ཚེས་༡༥ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ལ། རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་འོག་ཧོང་ཀོང་གི་མང་གཙོའི་ལས་འགུལ་བ་དང་ཚོང་པ་གྲགས་ཅན་ཇིམ་མེ་ལའེ་ལ་ཕྱི་རྒྱལ་དང་ངན་བྱུས་གཤོམ་པ་དང་འབྲེལ་བ་བྱས་ནས་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་བྱས་ཡོད་ཚུལ་གྱི་ནག་ཉེས་བཙུགས་ཡོད་ཅིང་། ཁོང་ལ་ཚེ་བཙོན་གྱི་ཉེས་ཆད་ཕོག་རྒྱུའི་ཉེན་ཁ་ཆེན་པོ་ཡོད་འདུག
ཇིམ་མེ་ལའེ་ཁོང་ནི་ད་ལྟ་རང་ལོ་༧༨ ཡིན་ཞིང་། ཧོང་ཀོང་ནང་རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་ཟེར་བ་ཞིག་ཕྱི་ལོ་༢༠༢༠ ལོར་ལག་བསྟར་བྱེད་འགོ་བཙུགས་པའི་རྐྱེན་གྱིས། ཕྱི་ལོ་༢༠༢༠ ཟླ་༡༢ ནང་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག སྐབས་དེ་དུས་ཧོང་ཀོང་ནང་མི་མང་ས་ཡ་མང་པོས་རྒྱ་ནག་གཞུང་ལ་ངོ་རྒོལ་དང་སྐད་འབོད་རྒྱ་ཆེན་པོ་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་ངོ་རྒོལ་བའི་ཐོག་ཏུ་དྲག་གནོན་ཚབས་ཆེན་བྱས་ནས་མི་མང་བརྒྱ་ཕྲག་མང་པོ་འཛིན་བཟུང་དང་བཀག་ཉར་བྱས་ཡོད་འདུག
ཁོང་ནི་རྒྱ་ནག་གཞུང་གི་གནོན་ཤུགས་ཁྲོད་དུ་ཧོང་ཀོང་གི་མང་གཙོ་སྲུང་སྐྱོབ་བྱེད་མཁན་དང་། མང་གཙོ་ལ་རྒྱ་གཞུང་གིས་ཐེ་བྱུས་བྱེད་ཀྱི་ཡོད་པ་དེ་ལ་ངོ་རྒོལ་དང་ཁ་གཏད་གཅོག་མཁན་གཙོ་བོ་ཞིག་ཡིན་འདུག་ཅིང་། ཁོང་གིས་ཕྱི་ལོ་༢༠༢༠ ལོར་བྷི་བྷི་སིའི་གསར་ཁང་ལ། ང་རང་སྐྱེས་དུས་ནས་གྱེན་ལོག་རང་བཞིན་གྱི་གཤིས་ཀ་ཞིག་ཡོད་པས། ངས་ནམ་ཡང་མགོ་སྒུར་གྱི་མ་རེད་ཅེས་བརྗོད་མྱོང་འདུག
ཁོང་ཕྱི་ལོ་༡༩༤༩ ལོར་ཀོང་ཀྲུའུ་གྲོང་ཁྱེར་གྱི་ཁྱིམ་ཚང་འབྱོར་ལྡན་ཞིག་གི་ནང་དུ་སྐྱེས་ཡོད་འདུག་ཅིང་། སྐབས་དེ་དུས་རྒྱ་ནག་དམར་གཞུང་གསར་འཛུགས་བྱས་པའི་རྐྱེན་གྱིས་ཁོང་ཚོའི་ཁྱིམ་གྱི་རྒྱུ་ནོར་ཡོངས་རྫོགས་ཤོར་ཡོད་འདུག ཕྱིས་སུ་ཁོང་རང་ལོ་༡༢ ལ་སོན་སྐབས་ཧོང་ཀོང་ནང་ཡོང་ནས་གྱོན་ཆས་ཚོང་ཁང་ཆུང་ཆུང་ཞིག་ནས་ཚོང་འགོ་བཙུགས་ཏེ། རིམ་པས་ཁོང་ཚོང་པ་ཆེན་པོ་ཞིག་ཆགས་ཡོད་འདུག་ལ། ཁོང་གིས་རང་སྦྱོང་བྱས་ནས་དབྱིན་ཡིག་སྦྱངས་ཡོད་འདུག
ཕྱི་ལོ་༡༩༨༩ ལོར་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱ་ནག་གཞུང་གིས་མི་མང་ཐོག་ཏུ་དྲག་གནོན་བྱེད་དུས་ནས་བཟུང་། ཁོང་མང་གཙོ་ལས་འགུལ་བ་ཞིག་ཏུ་གྱུར་ཡོད་འདུག དུས་དེ་ནས་བཟུང་ཁོང་གིས་རྒྱ་ནག་གཞུང་གིས་མི་མང་ཐོག་དྲག་གནོན་བྱས་པ་དེ་ལ་རྩོམ་ཡིག་གི་ལམ་ནས་ངོ་རྒོལ་ཐེངས་མང་བྱས་ཡོད་འདུག་ཅིང་། རིམ་བཞིན་ཁོང་གིས་བྲིས་པའི་རྩོམ་ཡིག་གི་ཤུགས་རྐྱེན་ལ་བརྟེན་ནས། ཁོང་ཧོང་ཀོང་གི་མི་མང་ཁྲོད་ཧ་ཅང་ཤུགས་རྐྱེན་ཆེ་བའི་མི་སྣ་ཞིག་ཏུ་གྱུར་ཡོད་འདུག དེ་རྗེས་ཁོང་གི་ཚོང་གཉེར་དང་གསར་ཁང་སོགས་སྒོ་རྒྱག་ཏུ་བཅུག་པ་དང་། བཙོང་དུ་བཅུག་པ་སོགས་ཀྱི་དཀའ་ངལ་སྤྲད་ཡོད་འདུག
ཕྱི་ལོ་༢༠༢༡ ལོར་ཁོང་གིས་ཨ་རིའི་སྲིད་འཛིན་ཊོམ་ལ་རོགས་རམ་གནང་རོགས་ཞེས་ཞུས་ཡོད་པ་དང་། སྲིད་འཛིན་ཊོམ་ཁོ་ན་ལས་གཞན་སུ་གཅིག་གིས་ཧོང་ཀོང་གི་རང་དབང་དང་མང་གཙོ་སྐྱོབ་ཐུབ་རྒྱུའི་རེ་བ་མི་འདུག་ཅེས་བརྗོད་མྱོང་འདུག
ཁ་སང་རེས་གཟའ་ཟླ་བའི་ཉིན་སྲིད་འཛིན་ཊོམ་གྱིས་ངས་ཞི་ཅིན་ཕིང་ལ་སྐད་ཆ་བཤད་ཡོད་ཅེས་དང་། ཁོང་གློད་བཀྲོལ་ཡོང་རྒྱུའི་རེ་བ་བྱེད་བཞིན་ཡོད་ཅེས་བརྗོད་འདུག དེ་བཞིན་དབྱིན་ཡུལ་དང་ནུབ་ཕྱོགས་རྒྱལ་ཁབ་གཞན་གྱི་འགོ་ཁྲིད་ཚོས་ཀྱང་ཁོང་གློད་བཀྲོལ་གཏོང་དགོས་པ་དང་། ཁོང་གིས་རང་དབང་དང་མང་གཙོ་བེད་སྤྱོད་བྱས་པ་ལས་གཞན་ནག་ཉེས་གང་ཡང་བསགས་མེད་ཅེས་བརྗོད་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།
