ཊོམ་ལ་ཉེས་འཛུགས་ཀྱི་དོན་ཚན་གསལ་བསྒྲགས་བྱས་འདུག 

ཨ་རིའི་གྲོས་ཚོགས་འོག་མའི་ནང་མང་གཙོ་ཚོགས་པའི་འགོ་ཁྲིད་ཚོས། སྲིད་འཛིན་ཊོམ་གྱིས་དབང་ཆ་ལོག་སྤྱོད་དང་། གྲོས་ཚོགས་ཀྱི་ལས་དོན་ལ་འགོག་རྐྱེན་བཟོས་པའི་ཉེས་འཛུགས་བྱེད་རྒྱུའི་གསལ་བསྒྲགས་བྱས་འདུག 

ཨ་རིའི་རྩ་ཁྲིམས་ནང་སྲིད་འཛིན་ཞིག་ལ་ཉེས་འཛུགས་བྱེད་པའི་དབང་ཚད་དེ་གྲོས་ཚོགས་འོག་མར་ཡོད་པ་ལྟར། ཟླ་༡༢ པའི་ཚེས་༡༠ ཉིན་གྲོས་ཚོགས་འོག་མའི་ནང་གི་མང་གཙོ་ཚོགས་པའི་འགོ་ཁྲིད་ཚོས་སྲིད་འཛིན་ཊོམ་ལ་ཉེས་འཛུགས་ཀྱི་དོན་ཚན་གཉིས་གསལ་བསྒྲགས་བྱས་འདུག དེ་ཡང་དོན་ཚན་དེ་གཉིས་གྲོས་ཚོགས་འོག་མའི་ཁྲིམས་ཞིབ་ཚོགས་ཆུང་ནང་རྒྱབ་སྐྱོར་ཐོབ་ཚེ། གྲོས་ཚོགས་འོག་མའི་ནང་འོས་འཕེན་བྱེད་རྒྱུ་ཡིན་པ་རེད་འདུག 

དེ་ཡང་དོན་ཚན་དང་པོ་ནི་སྲིད་འཛིན་ཊོམ་གྱིས་ཡུག་ཀེ་རན་རྒྱལ་ཁབ་ཀྱི་སྲིད་འཛིན་ལ་སྒེར་དང་འབྲེལ་ཡོད་བརྒྱུད་ནས། ཨ་རིའི་སྲིད་འཛིན་ཟུར་པ་དང་ཕྱི་ལོ་༢༠༢༠ ལོའི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་ཞུགས་པ་ཇཱོ་བྷེ་ཌན་ནག་པོ་བཟོ་ཆེད་དང་། འོས་བསྡུར་ཤུགས་རྐྱེན་སྤྲོད་ཆེད་དུ། ཡུག་ཀེ་རན་ནང་ཁོང་དང་ཁོང་གི་བུ་འབྲེལ་བའི་ལྐོག་ཟ་རུལ་སུངས་རྟོག་ཞིབ་ཀྱི་ལས་དོན་འགོ་འཛུགས་དགོས་པ་དང་དེ་ཡོངས་གྲགས་བཟོ་དགོས་པའི་གནོན་ཤུགས་སྤྲད་ཡོད་པ། དེ་བཞིན་ཕྱི་ལོ་༢༠༡༦ ལོའི་ཨ་རིའི་འོས་བསྡུར་ཨུ་རུ་སུ་མིན་པར་ཡུག་ཀེ་རན་གྱིས་ཐེ་བྱུས་བྱས་པའི་འདོད་ཚུལ་དེར་རྟོག་ཞིབ་གསལ་བསྒྲགས་ཀྱང་བྱས་དགོས་ཚུལ་བརྗོད་ཡོད་པ། དེ་ཡང་གནོན་ཤུགས་སྤྲོད་ཆེད་དུ་ཨ་རིའི་གྲོས་ཚོགས་ནས་ཡུག་ཀེ་རན་ལ་ཨུ་རུ་སུའི་བཙན་འཛུལ་དང་དྲག་རྒོལ་ལ་ཁ་གཏད་གཅོག་ཆེད་དུ། བདེ་སྲུང་རོགས་དངུལ་ཨ་སྒོར་ས་ཡ་༣༩༡ སྤྲོད་རྒྱུ་རྒྱབ་སྐྱོར་ཐོབ་པ་དེ་གནས་སྐབས་བཀག་འགོག་བྱས་ཡོད་པ་དང་། དེ་བཞིན་གལ་ཏེ་ཊོམ་གྱི་རེ་བ་སྒྲུབ་ཚེ་གཞུང་འབྲེལ་ཐོག་ནས་ཕྱོགས་གཉིས་བར་ཨ་རིའི་ཕོ་བྲང་དཀར་པོའི་ནང་ཐུག་འཕྲད་ཀྱི་གོ་སྐབས་སྤྲད་ནས། ཨ་རིའི་རྒྱབ་སྐྱོར་གྱི་རྣམ་པ་སྟོན་རྒྱུ་བྱས་ཡོད་པ་དང་།      སྲིད་འཛིན་ཊོམ་གྱི་བྱེད་སྟངས་དེས་སྲིད་འཛིན་ལས་ཁུངས་ལ་ཡོད་པའི་དབང་ཆ་ལོག་སྤྱོད་བྱས་ཡོད་པ་མ་ཟད། རྩ་ཁྲིམས་ལ་རྩིས་མེད་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་རྩིས་མེད་དང་ཉེན་ཁ་བཟོས་པ། དེ་བཞིན་ཨ་རིའི་མང་གཙོའི་ལམ་ལུགས་རྡོག་རོལ་གཏོང་ཆེད་དུ་དབང་ཆ་བེད་ལོག་བྱས་ཏེ། ཕྱིའི་རྒྱལ་ཁབ་ཀྱི་རོགས་པ་སློང་ཡོད་པས། རྒྱལ་ཁབ་བཙོང་བ་ལས་དོན་ལ་འཇུག་སྐོར་འཁོད་འདུག 

དེ་བཞིན་དོན་ཚན་གཉིས་པའི་ནང་གྲོས་ཚོགས་འོག་མས་སྲིད་འཛིན་ཊོམ་གྱི་ཉེས་འཛུགས་ལས་དོན་ཆེད་དུ། སྲིད་འཛིན་ཊོམ་དང་སྲིད་གཞུང་། འབྲེལ་ཡོད་དཔོན་རིགས། དེ་བཞིན་ལས་བྱེད་ཟུར་པ་སོགས་གྲོས་ཚོགས་ཁང་དུ་ཉན་ཞིབ་ཆེད་དུ་འབོད་འགུག་དང་། ཡིག་ཆ་མཁོ་སྤྲོད་དགོས་པའི་བཀའ་ཁྱབ་བཏང་བར། སྲིད་འཛིན་ཊོམ་གྱིས་ཨ་རིའི་གཞུང་དང་འབྲེལ་ཡོད་ལས་ཁུངས། དེ་བཞིན་ད་ཡོད་དང་ལས་བྱེད་ཟུར་པ་རྣམས་ལ། གྲོས་ཚོགས་འོག་མའི་འབོད་འགུག་བཀའ་ཁྱབ་ལ་རྩིས་མེད་བྱེད་དགོས་པའི་བཀའ་བཏང་བར་བརྟེན། གཞུང་དང་ལས་བྱེད་༩ ཡིས་གྲོས་ཚོགས་འོག་མར་རྩིས་མེད་ཀྱིས་ཉན་ཞིབ་ལ་སླེབས་མེད་པས། སྲིད་འཛིན་ཊོམ་གྱི་བྱེད་སྟངས་དེས་དབང་ཆ་ལོག་སྤྱོད་དང་། རྩ་ཁྲིམས་དང་མི་མང་ལ་རྒྱབ་འགལ་སོང་བ། གྲོས་ཚོགས་ལ་རྩིས་མེད་དང་གྲོས་ཚོགས་ཀྱི་ལས་དོན་འགོག་རྐྱེན་བཟོས་ཡོད་སྐོར་འཁོད་འདུག 

དེ་ཡང་ཉེས་འཛུགས་ཀྱི་ཟིན་བྲིས་ནང་དུ། དོན་ཚན་དེ་གཉིས་ལ་བརྟེན་ནས་ཊོམ་གྱིས་གལ་ཏེ་ཁོང་སྲིད་འཛིན་ལས་གནས་སུ་མུ་མཐུད་བཟུང་ཚེ། རྩ་ཁྲིམས་དང་རྒྱལ་ཁབ་ཀྱི་བདེ་འཇགས། ཁྲིམས་ཀྱི་དབང་སྒྱུར་ལམ་ལུགས་བཅས་ལ་ཉེན་ཁ་མུ་མཐུད་ཆགས་རྒྱུ་ཡིན་པ་གསལ་སྟོན་བྱས་ཡོད་པས། ཁོང་ལ་ཉེས་འཛུགས་དང་ཁྲིམས་ཞིབ། གནས་དབྱུང་། དེ་བཞིན་མ་འོངས་པར་ཨ་རིའི་ནང་གི་དྲང་བདེན་དང་གུས་བརྩིའམ། ཁེ་ཡོད་ཀྱི་ལས་གནས་ལ་ཞུགས་རྒྱུ་མེད་པ་བཟོ་རྒྱུ་དགོས་ངེས་ཆགས་ཡོད་སྐོར་འཁོད་འདུག 

གྲོས་ཚོགས་འོག་མའི་ཁྲིམས་ཞིབ་ཚོགས་ཆུང་གི་ཚོགས་གཙོ་དང་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཇེར་རོལ་ཌ་ནཱཌ་ལེར་གྱིས། སྤྱི་མཐུན་ཚོགས་པའི་ཚོགས་མི་ཊོམ་གྱིས་ཁོང་ནི་ཁྲིམས་ཀྱི་གོང་ན་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། མང་གཙོ་ཚོགས་པས་ཁྲིམས་ཀྱི་གོང་ན་སུ་གང་དང་། སྲིད་འཛིན་ཡང་མེད་པ་གསལ་པོ་བཟོ་དགོས་པ་གལ་ཆེན་ཡིན་པ་དང་། སྲིད་འཛིན་ཊོམ་གྱིས་ཨ་རིའི་རྩ་ཁྲིམས་དང་། ཕྱི་ལོ་༢༠༢༠ ལོའི་འོས་བསྡུའི་དྲང་བདེན་ལམ་ལུགས་ལ་རྩིས་མེད་བཟོས་པ། དེ་བཞིན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོས་ཡོད་པས་ཁ་གཏད་ཀྱི་ལས་དོན་སྤེལ་དགོས་པ་ཆགས་ཡོད་སྐོར་བརྗོད་འདུག 

ཨ་རིའི་སྲིད་འཛིན་ཊོམ་གྱིས་དེ་སྔོན་ལྟར་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་ལས་དོན་ལ། རྒྱུ་མཚན་ཁུངས་སྐྱེལ་དཔང་རྟགས་གང་ཡང་མེད་སྐོར་བརྗོད་འདུག དེ་བཞིན་ཕོ་བྲང་དཀར་པོའི་བསྒྲགས་གཏམ་ཞིག་སྤེལ་ཏེ། སྲིད་འཛིན་ཊོམ་ལ་ཉེས་འཛུགས་དེ་དག་ནི་ཁུངས་ལུང་མེད་པ་ཡིན་པས། གྲོས་ཚོགས་གོང་མའི་ནང་ཁོང་གིས་གསལ་བཤད་བྱེད་རྒྱུ་ཡིན་པ་དང་། ཉེས་མེད་དག་སྐྱེལ་ཡོང་བའི་གདེང་ཚོད་ཡོད་སྐོར་བརྗོད་འདུག 

གལ་ཏེ་གྲོས་ཚོགས་འོག་མའི་ནང་སྲིད་འཛིན་ལ་ཉེས་འཛུགས་བྱེད་རྒྱུར་མང་མོས་རྒྱབ་སྐྱོར་ཐོབ་ཚེ། གྲོས་ཚོགས་གོང་མའི་ནང་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཡོད་པའི་ཐོག་ནས། གནད་དོན་དེའི་ཐོག་ཉན་ཞིབ་བྱེད་དགོས་ཀྱི་ཡོད་པ་དང་། མཐའ་མར་གྲོས་ཚོགས་གོང་མའི་འཐུས་མི་རྣམས་ཀྱི་འོས་ཤོག་འཕངས་ཏེ་གསུམ་ཆ་གཉིས་ཀྱིས་སྲིད་འཛིན་གྱིས་ནག་ཉེས་བྱས་པར་རྒྱབ་སྐྱོར་བྱས་ཚེ། སྲིད་འཛིན་དེ་རང་བཞིན་གྱིས་གནས་དབྱུང་གཏོང་དགོས་ཀྱི་ཡོད་འདུག ད་ལྟའི་ཆར་གྲོས་ཚོགས་འོག་མའི་ནང་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་མང་ཆེ་བ་ཡོད་པས། སྲིད་འཛིན་ཊོམ་ལ་ཉེས་འཛུགས་བྱེད་རྒྱུར་རྒྱལ་ཁ་ཐོབ་ངེས་ཀྱང་། གྲོས་ཚོགས་གོང་མའི་ནང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་མང་བ་ཡོད་པས། ཉན་ཞིབ་གང་འདྲ་འགྲོ་མིན་ལ་མ་ལྟོས་པར། སྤྱི་མཐུན་ཚོགས་པའི་ཆེ་མཐོང་སྲུང་སྐྱོབ་དང་༢༠༢༠ ལོའི་འོས་བསྡུའི་ཁེ་ཕན་ཆེད་དུ། སྲིད་འཛིན་ཊོམ་གནས་དབྱུང་གཏོང་བར་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་ཐོབ་རྒྱུ་ཁག་པོ་ཡིན་འདུག 

ད་བར་ཨ་རིའི་སྲིད་འཛིན་གཉིས་ལ་གྲོས་ཚོགས་འོག་མ་ནས་ཉེས་འཛུགས་བྱས་ཡོད་ཀྱང་། གྲོས་ཚོགས་གོང་མ་ནས་ཉེས་སེལ་བྱས་ཡོད་པ་དང་། སྲིད་འཛིན་གཅིག་གྲོས་ཚོགས་འོག་མའི་ནང་ཉེས་འཛུགས་ཆེད་དུ་འོས་ཤོག་ལས་རིམ་འགྲོ་བའི་སྔོན་ཚུད་ནས་རྩ་དགོངས་ཞུས་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།