ཊོམ་སྲིད་གཞུང་གིས་རྡུལ་མཚོན་གྲོས་མཐུན་ཞིག་ལས་ཕྱིར་འཐེན་བྱེད་འཆར།
ཨ་རིའི་སྲིད་འཛིན་ཊོམ་གྱིས་སྲིད་འཛིན་སྐབས་སྔོན་མ་ཚོའི་སྐབས་སུ་བཞག་པའི་གྲོས་མཐུན་དང་ལྷན་ཚོགས་མང་པོ་ཞིག་ལས་ཨ་རི་ཕྱིར་འཐེན་བྱེད་བཞིན་པ་ལྟར། ཐེངས་འདིར་ཨུ་རུ་སུ་དང་རྡུལ་མཚོན་བཟོ་སྐྲུན་ཚོད་འཛིན་གྱི་གྲོས་མཐུན་ཞིག་ལས་ཕྱིར་འཐེན་བྱེད་འཆར་ཡོད་འདུག་པས། ཡུ་རོབ་ཀྱི་རྒྱལ་ཁབ་མང་པོ་ཞིག་ལ་སེམས་འཚབ་སྐྱེ་བཞིན་ཡོད་འདུག
ཟླ་༡༠ པའི་ཚེས་༢༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༡༠ པའི་ཚེས་༢༣ ཉིན་སྲིད་འཛིན་ཊོམ་ལ་རྒྱལ་ཁབ་ཀྱི་བདེ་སྲུང་སློབ་སྟོན་པ་ཇཱོན་བྷོལ་ཊོན་གྱིས་ཨུ་རུ་སུའི་སྲིད་འཛིན་པུ་ཀྲེན་དང་ཐུག་འཕྲད་བྱས་ཡོད་འདུག སྐར་མ་༩༠ ཡི་ཐུག་འཕྲད་རྗེས་སུ་ཇཱོན་བྷོལ་ཊོན་གྱིས། ཨུ་རུ་སུའི་དགག་བྱ་ལ་མ་ལྟོས་པར་ཨ་རིས་རྒྱང་ཐག་འབྲིང་བར་སྙོབ་པའི་རྡུལ་མཚོན་བཟོ་སྐྲུན་གྲོས་མཐུན་ལས་ཕྱིར་འཐེན་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག
ཇཱོན་བྷོལ་ཊོན་གྱིས་ཕྱི་ལོ་༡༩༨༧ ལོར་ཨུ་རུ་སུ་དང་ཨ་རིའི་བར་རྒྱང་ཐག་འབྲིང་བར་སྙོབ་པའི་རྡུལ་མཚོན་དང་མེ་ཤུགས་འཕུར་མདའི་བཟོ་སྐྲུན་ཚོད་འཛིན་ཡོང་བའི་གྲོས་མཐུན་དེ་ནི་གྲང་དམག་སྐབས་བཞག་པ་དང་། དེང་གི་དུས་སུ་རྒྱ་ནག་དང་ཨི་རན། བྱང་ཀོ་རི་ཡ་སོགས་ལས་འབྱུང་བཞིན་པའི་རྡུལ་མཚོན་གྱི་ཉེན་ཁ་སེལ་ཐུབ་ཀྱི་མེད་པས་ཕན་མེད་ཡིན་པ་དང་། གཞུང་འབྲེལ་གྱིས་གྲོས་མཐུན་ལས་ཕྱིར་འཐེན་གྱི་གསལ་བརྡ་གཏོང་རྒྱུ་ཡིན་པས། དུས་དང་བསྟུན་ནས་གསལ་བརྡ་གཏོང་རྒྱུ་ཡིན་སྐོར་བརྗོད་འདུག
དེ་བཞིན་ཁོང་གིས་གྲོས་མཐུན་དེའི་ནང་རྡུལ་མཚོན་ཡོད་པའི་རྒྱལ་ཁབ་གཞན་མཉམ་ཞུགས་ཡོང་ཐབས་བྱས་ཀྱང་། འབྲས་བུ་ཐོན་མེད་པས། ཨ་རིས་གྲོས་མཐུན་དེར་བརྩི་འཇོག་བྱས་ནས་བསྡད་ན་གྱོང་རག་རྒྱུ་ཡིན་སྐོར་བརྗོད་འདུག
དེ་སྔོན་ཨ་རིས་རྒྱལ་སྤྱིའི་སྦྲག་ཟམ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་དོན་གཙོ་བོ་ཞིག་ནི། རྒྱ་ནག་ལྟ་བུས་རིན་གོང་ཆུང་ཆུང་ཐོག་རྒྱལ་སྤྱིའི་ནང་ཅ་དངོས་བསྐུར་ཐུབ་ཀྱི་ཡོད་པས། སྒྲོམ་གཞི་ལ་སྐྱོན་ཆ་ཡོད་སྐོར་བརྗོད་ནས། རྒྱ་ནག་ལ་དམིགས་པ་གསལ་པོ་ཡིན་ཁར། ཐེངས་འདིར་ཡང་རྒྱ་ནག་ལྟ་བུས་རྒྱང་ཐག་འབྲིང་བར་སྙོབ་པའི་རྡུལ་མཚོན་དང་མེ་ཤུགས་འཕུར་མདའ་བཟོ་སྐྲུན་ཚོད་འཛིན་གྱི་གྲོས་མཐུན་བཞག་མེད་པས། ཨ་རིས་གནོན་ཤུགས་སྤྲོད་ཐབས་ཡིན་སྲིད་པ་རེད་འདུག
ཨུ་རུ་སུའི་སྲིད་གཞུང་གིས་རྡུལ་མཚོན་གྱི་གྲོས་མཐུན་དེར་སྐྱོན་ཆ་ཡོད་ཀྱང་། ཨ་རིའི་ཕྱིར་འཐེན་གྱི་ཐབས་བྱུས་དེས་འཛམ་གླིང་ནང་ཉེན་ཁ་བཟོ་སྲིད་སྐོར་དང་། ཨུ་རུ་སུའི་སྲིད་འཛིན་པུ་ཀྲེན་དང་ཨ་རིའི་སྲིད་འཛིན་ཊོམ་གཉིས་ཟླ་བ་རྗེས་མར་ཧྥ་རན་སིའི་རྒྱལ་ས་པཱེ་རི་སིར་ཐུག་འཕྲད་བྱས་ཏེ། གནད་དོན་དེའི་ཐད་གྲོས་མོལ་བྱ་རྒྱུ་ཐག་གཅོད་བྱུང་སྐོར་བརྗོད་འདུག
ཨུ་རུ་སུ་དང་ཨ་རི་གཉིས་བར་དེ་སྔོན་ནས་གྲོས་མཐུན་དེའི་ཆ་རྐྱེན་བརྩི་སྲུང་མ་བྱས་པའི་ཉེས་འཛུགས་བྱེད་རེས་བྱས་ཡོད་འདུག་ཀྱང་། ཕྱོགས་གཉིས་ཀྱིས་ཉེས་འཛུགས་ལ་ཁས་ལེན་བྱེད་མྱོང་མི་འདུག
ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་གིས་ཨ་རིས་གལ་ཏེ་གྲོས་མཐུན་ནས་ཕྱིར་འཐེན་དངོས་སུ་བྱས་ཚེ། རྒྱལ་ཁབ་བར་གྱི་མཚོན་ཆ་བཟོ་སྐྲུན་གྱི་འགྲན་སྡུར་ཆེ་རུ་འགྲོ་བ་དང་། གྲང་དམག་གི་དུས་སྐབས་ལྟར་ཨ་རིས་ཡུ་རོབ་ནང་རྡུལ་མཚོན་སྒྲིག་འཇོག་བྱེད་སྲིད་ཁར། ཨུ་རུ་སུས་པོ་ལེན་ཌ་དང་ལཱི་ཐུ་ནི་ཡའི་བར་ལ་ཆགས་པའི་རང་གི་མངའ་ཁོངས་ས་གནས་ཀཱ་ལི་ནི་གྷེར་ཌ་ལ་རྡུལ་མཚོན་སྒྲིག་འཇོག་བྱེད་སྲིད་པའི་སེམས་འཚབ་བྱེད་བཞིན་ཡོད་འདུག་ཀྱང་། ཨ་རིས་གནས་སྟངས་དེ་འདྲ་ཆགས་རྒྱུ་ཁག་པོ་ཡིན་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།