ཋ་ལེ་བྷན་ཁ་ཆེའི་ཚོགས་པས་ཨབ་གྷ་ནི་སི་ཐན་བཟུང་བའི་མགྱོགས་ཚད་དེས་འཛམ་གླིང་ཧྲིལ་པོ་ཧོན་འཐོར་དུ་བཅུག་འདུག

ཋ་ལེ་བྷན་ཁ་ཆེའི་ཚོགས་པས་(Taliban) ཟླ་བ་འགའི་དུས་ཡུན་ནང་དཀའ་ཚེགས་མེད་པར་ཨབ་གྷ་ནི་སི་ཐན་བཟུང་རྗེས། རྒྱལ་ཁབ་ཧྲིལ་པོའི་ནང་དུ་འཇིགས་སྣང་དང་ངེས་གཏན་བྲལ་བའི་མཁའ་དབུགས་ཀྱིས་ཁྱབ་པས། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཚོ་གཞུང་ཚབ་མི་སྣ་དང་མི་སེར་རྣམས་བདེ་འཇགས་ཀྱི་གནས་སུ་དབོར་འདྲེན་བྱེད་རྒྱུར་བྲེལ་བཞིན་ཡོད་འདུག 

ཁ་སང་རེས་གཟའ་ཉི་མའི་ཉིན་ཋ་ལེ་བྷན་ཁ་ཆེའི་ཚོགས་པ་ཨབ་གྷ་ནི་སི་ཐན་གྱི་རྒྱལ་ས་ཁ་བྷོལ་(Kabul) དུ་འཛུལ་ནས་སྲིད་འཛིན་གྱི་ཕོ་བྲང་བཟུང་སྟེ་འདས་པའི་ལོ་ངོ་ཉི་ཤུའི་དམག་འཁྲུག་གི་རྒྱལ་ཁ་ཁོ་ཚོར་ཐོབ་པའི་གསལ་བསྒྲགས་སྤེལ་བ་དང་། ཨབ་གྷ་ནི་སི་ཐན་གྱི་སྲིད་འཛིན་ཨ་ཤི-གྷ་ནི་(Ashraf Ghani) རྒྱལ་ཁབ་གཞན་དུ་བྲོས་བྱོལ་ལ་ཕྱིན་པའི་རྗེས། མི་མང་རྣམས་འཇིགས་སྣང་དང་དངངས་འཚབ། རྙོག་ཟིང་དང་ངེས་གཏན་བྲལ་བའི་གནས་སྟངས་ཁྲོད་དུ་ལྷུངས་ཏེ། དངུལ་ཁང་ནས་གསོག་དངུལ་ལེན་རྒྱུ་དང་། བདེ་འཇགས་ཀྱི་གབ་གནས་འཚོལ་རྒྱུ། གནམ་ཐང་དུ་འཚངས་ནས་རྒྱལ་ཁབ་གཞན་དུ་བྲོས་བྲོལ་ལ་འགྲོ་རྒྱུ་སོགས་ལ་བྲེལ་བཞིན་ཡོད་འདུག 

ད་ལོར་ཨ་རིས་གཙོས་པའི་ནུབ་ཕྱོགས་ཀྱི་མཐུན་ཕྱོགས་རྒྱལ་ཁབ་དག་གི་དམག་མི་རྣམས་ལོ་ངོ་༢༠ ཡི་རྗེས་སུ་ཨབ་གྷ་ནི་སེ་ཐན་ནས་དངོས་སུ་ཕྱིར་འཐེན་བྱས་པར་བརྟེན། ཋ་ལེ་བྷན་ཁ་ཆེའི་ཚོགས་པས་དམག་ཤུགས་རྒྱ་བསྐྱེད་བྱས་ཏེ་དུས་ཡུན་ཐུང་ཆུང་ནང་གལ་གནད་ཆེ་བའི་གྲོང་ཁྱེར་རྣམས་རིམ་གྱིས་དབང་དུ་བསྡུས་པ་མ་ཟད། ཁ་སང་རེས་གཟའ་ཉི་མའི་ཉིན་རྒྱལ་ས་ཁ་བྷོས་སུ་འཛུལ་ནས་དེའང་བཟུང་། 

ཋ་ལེ་བྷན་གྱིས་མི་འགྱང་པར་སྲིད་གཞུང་གསར་པ་ཞིག་འཛུགས་རྒྱུ་ཡིན་པ་དང་། སྲིད་གཞུང་གསར་རྙིང་བར་དུ་འཚེ་མེད་ཞི་བའི་ངང་ནས་སྲིད་དབང་རྩིས་སྤྲོད་རྩིས་ལེན། དེའི་རིང་ལ་འཕྲོག་བཅོམ་དང་རྙོག་ཟིང་མི་ཡོང་བ་བྱེད་རྒྱུ་ཡིན་སྐོར་བསྒྲགས་ཡོད་འདུག

ཡིན་ན་ཡང་། ཨ་རིས་མྱུར་སྐྱོབས་དམག་མི་སྟོང་ཕྲག་མང་པོ་བཀོལ་ནས་གཞུང་ཚབ་མི་སྣ་རྣམས་བདེ་འཇགས་ཀྱི་གནས་སུ་དབོར་འདྲེན་བྱས་པ་དང་སྦྲགས། ཨ་རིའི་གཞུང་ཚབ་ཁང་གི་གལ་ཆེའི་ཡིག་ཆ་རྣམས་མེར་སྲེག་བཏང་བའི་དུ་བ་བར་སྣང་དུ་མཆེད་བཞིན་ཡོད་སྐོར་བརྒྱུད་ལམ་ཁག་ཏུ་བརྗོད་འདུག 

དེ་བཞིན་དབྱིན་ཡུལ་དང་ཧྥ་རན་སི་ལ་སོགས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་སོ་སོའི་གཞུང་ཚབ་མི་སྣ་དང་མི་སེར་རྣམས་བྲེལ་བྲེལ་འཚུབ་འཚུབ་ངང་བདེ་འཇགས་ཀྱི་གནས་སུ་དབོར་འདྲེན་བྱེད་པ་དང་འབྲེལ། ཋ་ལེ་བྷན་ཁ་ཆེའི་ཚོགས་པ་ལ་འཚེ་བ་དང་དྲག་སྤྱོད་མི་སྤེལ་བའི་དགོས་འདུན་འདོན་བཞིན་ཡོད་འདུག 

དབྱིན་ཇིའི་སྲིད་བློན་བྷོ་ར་སི-ཇོན་སན་(Boris Johnson) གྱིས་“ལྟ་བ་དང་ལངས་ཕྱོགས་གཅིག་”པའི་རྒྱལ་ཁབ་རྣམས་མཉམ་ལས་བྱས་ཏེ། ཚང་མའི་མོས་མཐུན་མ་བྱས་གོང་དུ་སྲིད་གཞུང་གསར་པ་གང་ཡང་ངོས་འཛིན་མི་བྱེད་པའི་འབོད་སྐུལ་ཞུས་ཡོད་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན།