ཌོ་ནལ་ཊོམ་བསྐྱར་དུ་སྲིད་འཛིན་ལ་འཁོད་ན་རྒྱ་ནག་ལ་ཉེས་ཆད་གཅོད་རྒྱུ་ཡིན་ཞེས་བརྗོད།

ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊོམ་ལགས་སྲིད་འཛིན་ཡིན་དུས་རྒྱ་ནག་གི་དངོས་ཟོག་ཐོག་དཔྱ་ཁྲལ་ཕོན་ཆེན་བཀལ་ནས་ཉེས་ཆད་བཅད་ཡོད་པ་དང་། ཕྱི་ལོ་༢༠༢༤ ནང་སྲིད་འཛིན་ཟུར་པ་ཌོ་ནལ་ཊོམ་ལགས་བསྐྱར་དུ་སྲིད་འཛིན་ལ་འདེམས་ཐོན་བྱུང་ན་སླར་ཡང་རྒྱ་ནག་ལ་ཉེས་ཆད་ཆེན་པོ་གཅོད་རྒྱུ་ཡིན་ཞེས་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་༥ ་ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་(Fox News) ་ཟེར་བའི་གསར་ཁང་གིས་ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊོམ་ལ་བཅར་འདྲི་ཞིག་བྱེད་པའི་སྐབས། ཁོང་གིས་གལ་སྲིད་ཁོང་ཉིད་བསྐྱར་དུ་སྲིད་འཛིན་ལ་འདེམས་ཐོན་བྱུང་ན་མ་འོངས་པར་རྒྱ་ནག་གི་དངོས་ཟོག་ལ་དཔྱ་ཁྲལ་བརྒྱ་ཆ་༦༠% ་ཙམ་འགེལ་རྒྱུ་ཡིན་ཞེས་བརྗོད་འདུག ཕྱི་ལོ་༢༠༢༠ ་ཙམ་ནས་ཁོང་ལ་ཁྲིམས་ཐོག་ནས་ནག་ཉེས་མང་པོ་ཞིག་ཉེས་འཛུགས་བྱས་ནས་འོས་བསྡུའི་ནང་ཞུགས་རྒྱུ་ལ་འགོག་ཐབས་བྱས་ཡོད་ཀྱང་། ཁོང་གིས་ངོས་ལེན་རྩ་བ་ནས་བྱས་མི་འདུག ཁོང་གིས་ཟེར་ན། རྒྱ་ནག་གིས་རྒྱལ་སྤྱིའི་ཚོང་འབྲེལ་ཁྲོད་དྲང་པོ་བྱེད་ཀྱི་མེད་པ་མ་ཟད། ཨ་རིའི་ས་ཐོག་ནས་ཁེ་ཕན་ཆེན་པོ་ལེན་ཡོད་འདུག ཁོང་གིས་ངས་རྒྱ་ནག་ལ་བརྙས་བཅོས་གཏོང་འདོད་མེད། འོན་ཀྱང་། ཁོང་ཚོས་ང་ཚོའི་ས་ཐོག་ནས་ཁེ་ཕན་ལེན་བཞིན་པ་རྣམས་བཀག་འགོག་བྱེད་འདོད་ཡོད་ཅེས་བརྗོད་ཡོད་འདུག ཁོང་ཨ་རིའི་སྲིད་འཛིན་ཡིན་དུས་ཨ་རིའི་གཞུང་གིས་རྒྱ་ནག་གི་དངོས་ཟོག་ལ་དཔྱ་ཁྲལ་ཕོན་ཆེན་བཀལ་ནས་འཛམ་གླིང་ནང་། དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་གཉིས་ཀྱི་བར་རྩོད་རྙོག་ཡུན་རིང་པོ་བྱུང་ཡོད་འདུག

ཨ་རིས་རྒྱ་ནག་གི་དངོས་ཟོག་ལ་དཔྱ་ཁྲལ་ཆེན་པོ་བཀལ་པ་དེར་རྒྱ་ནག་གཞུང་གིས་ཀྱང་ཨ་རིའི་བྲོ་དང་བྱ་ཤའི་རིགས་སོགས་ལ་དཔྱ་ཁྲལ་ཆེན་པོ་བཀལ་ཡོད་འདུག ཐོག་མ་ཕྱི་ལོ་༢༠༡༨ ཌོ་ནལ་ཊོམ་གྱི་གཞུང་ནས་རྒྱ་ནག་གི་དངོས་ཟོག་ལ་དཔྱ་ཁྲལ་བཀལ་ཡོད་པ་དང་། དེའི་རྗེས་སུ་རྒྱ་ནག་གིས་དེར་ཡ་ལན་སྤྲད་ཡོད་འདུག ད་ཆར་ཨ་རིའི་སྲིད་འཛིན་ཇོ་བྷ་ཌན་སྲིད་གཞུང་གིས་གཞན་གྱིས་སྐྱོན་བརྗོད་བྱས་མིན་ལ་མ་ལྟོས་པ་དེ་སྔ་དཔྱ་ཁྲལ་བཀལ་བ་རྣམས་མཚམས་བཞག་ཡོད་ཀྱང་། ཟླ་བ་སྔོན་མའི་ནང་ཨ་རིའི་ནོར་སྲིད་དྲུང་ཆེ་(Treasury Secretary )་ཇེ་ནེ་ཊེ ཡེ་ལེན་(Janet Yellen) གྱིས། ཌོ་ནལ་ཊོམ་གྱི་དཔྱ་ཁྲལ་སྤར་རྒྱུའི་འཆར་གཞི་དེ་ཡིས་མ་འོངས་པ་ཨ་རིའི་ནོར་མཛོད་ལ་ཡོང་འབབ་མང་དུ་འགྲོ་རྒྱུའི་ཁེ་ཕན་ཆེན་པོ་ཡོད་པ་བརྗོད་འདུག ཉེ་ཆར་ཨ་རི་གཞུང་གིས་རྒྱ་ནག་གི་དངོས་ཟོག་རྣམས་ལ་དཔྱ་ཁྲལ་སྤར་རྒྱུའི་འཆར་གཞི་ཡོད་པ་བརྗོད་ཡོད་འདུག །

གསར་འགོད་པ། བསོད་ནམས་ཕུན་ཚོགས།