ཏ་ལི་བྷན་གྱིས་ཨབ་གྷན་གཞུང་དབང་བསྒྱུར་བྱས་པའི་ལོ་ངོ་གཉིས་རིང་གི་གནས་སྟངས།
ཟླ་འདིའི་ཚེས་༡༥ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཏ་ལི་བྷན་ཤོག་ཁག་གིས་ཨབ་གྷ་ཎི་སི་ཐན་ལ་དབང་བསྒྱུར་བྱས་ནས་ལོ་ངོ་ཧྲིལ་པོ་གཉིས་འཁོར་ཡོད་པ་དང་། འདས་པའི་ལོ་ངོ་གཉིས་ཀྱི་རིང་། ཏ་ལི་བྷན་གྱི་དབང་འོག་ནས་མི་གྲངས་ས་ཡ་༥ ལྷག་རྒྱལ་ཁབ་གཞན་ལ་གྲོས་བྱོལ་དུ་ཕྱིན་ཞིང་མི་གྲངས་ས་ཡ་༣ ཙམ་ཞིག་སྡོད་གནས་སྤོས་ནས་ས་གནས་གཞན་དུ་གྲོས་དགོས་བྱུང་ཡོད་འདུག ལྷག་པར་དུ་ད་ལྟའི་ཆར་ཆབ་སྲིད་དང་དཔལ་འབྱོར་གྱི་གཏན་ལྷིང་མེད་པའི་ཐོག་རྒྱལ་སྤྱིའི་ཐོག་ནས་ཏ་ལི་བྷན་ཤོག་ཁག་ལ་གནོན་ཤུགས་སྤྲོོད་བཞིན་པ་སོགས་ཀྱི་གནས་ཚུལ་ཐོན་འདུག

སྤྱི་ལོ་༢༠༢༡ ཟླ་༨ པའི་ནང་དུ་ཨ་རིའི་གཞུང་གིས་ཨབ་གྷ་ནི་སི་ཐན་དུ་ཡོད་པའི་ཨ་རིའི་དམག་དཔུང་ཡོངས་རྫོགས་ཕྱིར་འཐེན་བྱས་པར་བརྟེན། དུས་དེ་ནས་བཟུང་ཏ་ལི་བྷན་ཤོག་ཁག་གིས་རིམ་བཞིན་ཨབ་གྷ་ནི་སི་ཐན་ལ་སླར་ཡང་དབང་བསྒྱུར་བྱེད་འགོ་བཙུགས་ནས་ད་བར་ལོ་ངོ་གཉིས་ཧྲིལ་པོ་འཁོར་ཡོད་འདུག
བྷི་བྷི་སི་གསར་ཁང་གིས་འདས་པའི་ལོ་ངོ་གཉིས་རིང་། ཨབ་གྷ་ནི་སི་ཐན་དུ་བུད་མེད་ཚོ་ལ་དཀའ་ངལ་ཤུགས་ཆེན་འཕྲད་ཡོད་པའི་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༢༡ ཟླ་༩ ་ནས་བུ་མོ་ཚོ་སློབ་གྲྭ་འགྲོ་རྒྱུ་ལ་དཀའ་ངལ་འཕྲད་འགོ་བཙུགས་ཤིང་། ཕྱི་ལོ་༢༠༢༡ ཟླ་༡༢ ནས་༢༠༢༡ ཟླ་༣ བར་བུད་མེད་ཚོ་ཡར་མར་འགྲིམ་འགྲུལ་གྱི་ཐོག་ལ་སྟངས་འཛིན་བྱེད་རྒྱུ་ཡང་འགོ་བཙུགས་ཡོད་འདུག ཕྱི་ལོ་༢༠༢༢ ཟླ་༥ ནས་ཡུལ་དེའི་བུད་མེད་ཚོས་ངེས་པར་དུ་ཧི་ཇྰབ་(Hijab) ཅེས་བུད་མེད་ཚོས་མང་ཚོགས་ཁྲོད་མགོ་རས་གྱོན་དགོས་པ་བཟོས་ཡོད་པ་མ་ཟད། ཕྱི་ལོ་༢༠༢༢ ཟླ་༡༠ ནས་༡༢ བར་བུད་མེད་ཚོ་མཐོ་སློབ་འགྲོ་རྒྱུ་ལ་བཀག་སྡོམ་དང་བུད་མེད་ཚོ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ལས་གནས་ནས་དགོངས་པ་ཞུ་དགོས་པ་བཟོས་ཡོད་པ་སོགས་ཨབ་གྷ་ནི་སི་ཐན་གྱི་བུད་མེད་ཚོ་ལ་རང་དབང་མེད་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག
ཕྱི་ལོ་༢༠༢༡ ལོར་ཏ་ལི་བྷན་གྱིས་དབང་བསྒྱུར་བྱས་པའི་རྗེས་སུ་དགེ་རྩ་ཚོགས་པ་མང་པོ་ཨབ་གྷ་ནི་སི་ཐན་ནས་ཕྱིར་འཐེན་བྱས་ཡོད་པ་མ་ཟད། རྒྱལ་སྤྱིའི་ཐོག་ནས་རོགས་རམ་བྱེད་མཁན་ཡང་ཇེ་ཉུང་དུ་ཕྱིན་ཡོད་པའི་ཁར་རྒྱལ་སྤྱིའི་ཐོག་ནས་ཏ་ལི་བྷན་ཤོག་ཁག་ལ་ཉེས་ཆད་དུ་མ་ཞིག་བཅད་ཡོད་པར་བརྟེན། ཨབ་གྷ་ནི་སི་ཐན་ལ་དཔལ་འབྱོར་གྱི་དཀའ་ངལ་ཡང་འཕྲད་བཞིན་ཡོད་འདུག

ཏ་ལི་བྷན་གྱིས་རྒྱལ་སྤྱིའི་ཐོག་ཨབ་གྷ་ནི་སི་ཐན་གྱི་ཁྲིམས་མཐུན་གཞུང་ཞིག་ལ་ངོས་འཛིན་ཐོབ་ཐབས་བྱས་ཀྱང་། ཏ་ལི་བྷན་གྱི་དབང་འོག་ཏུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་ཡོད་པ་དང་དེ་སྔ་ཏ་ལི་བྷན་གྱིས་ཁས་ལེན་བྱས་པའི་གནད་དོན་ཁ་ཤས་ལག་བསྟར་བྱས་མེད་པས་ད་བར་རྒྱལ་སྤྱིའི་ཐོག་ཏ་ལི་བྷན་ཤོག་ཁག་ནི་ཨབ་གྷ་ནི་སི་ཐན་གྱི་ཁྲིམས་མཐུན་གྱི་གཞུང་ལ་ངོས་འཛིན་བྱེད་མཁན་བྱུང་མེད་པ་རེད་འདུག
རྒྱལ་སྤྱིའི་ཐོག་ནས་ཏ་ལི་བྷན་གྱི་འགོ་ཁྲིད་ཚོ་ལ་ཉེས་ཆད་བཅད་པ་དང་འགྲོ་འོང་ལ་ཚོད་འཛིན་བྱས་ཡོད་པས་ཁོང་ཚོས་ཕྱི་འབྲེལ་འཛུགས་རྒྱུ་ལ་ཡང་འགལ་རྐྱེན་འཕྲད་བཞིན་ཡོད་འདུག
ཏ་ལི་བྷན་གྱི་དབང་བསྒྱུར་འོག་ཡོད་པའི་ཨབ་གྷ་ནི་སི་ཐན་ནི་ཕྱི་ལོ་༢༠༢༣ ་ལོར་རྒྱལ་ཁབ་༡༦༤ ཁྲོད་ནས་ཞི་བདེའི་ཚད་དམའ་ཤོས་ཀྱི་རྒྱལ་ཁབ་ཅིག་ཆགས་ཡོད་འདུག ད་ལྟའི་ཆར་ཨབ་གྷ་ནི་སི་ཐན་དུ་ཆབ་སྲིད་དང་དཔལ་འབྱོར། གཞུང་གི་འཛིན་སྐྱོང་བྱེད་སྟངས་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་འབྲེལ་ལམ་འཛུགས་སྟངས་སོགས་ཁྱོན་ཡོངས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག
ཕྱི་ལོ་༢༠༠༡ ལོར་ཨ་རིའི་དམག་དཔུང་གིས་ཨབ་གྷ་ནི་སི་ཐན་གྱི་གཞུང་ལ་རྒྱབ་སྐྱོར་བྱས་ནས་ཏ་ལི་བྷན་ཕམ་ཉེས་སུ་བཏང་ཡོད་ཀྱང་། འདས་པའི་ལོ་ངོ་ཉི་ཤུའི་རིང་ཏ་ལི་བྷན་ཤོག་ཁག་གིས་གིས་མུ་མཐུད་ནས་ཨ་རིའི་རྒྱབ་སྐྱོར་ཡོད་པའི་ཨབ་གྷ་ནི་སི་ཐན་གྱི་གཞུང་ལ་ཁ་གཏད་བཅག་ཡོད་འདུག ཕྱི་ལོ་༢༠༠༧ ནས་༢༠༢༡ བར་ཡུལ་དེའི་དམག་འཁྲུག་གི་ཁྲོད་ཨ་རིའི་དམག་མི་༦ སྟོང་དང་བྱང་ཆིངས་སྒྲིག་འཛུགས་ཀྱི་དམག་མི་ཆིག སྟོང་ལྷག་གི་ཚེ་སྲོག་ཤོར་ཡོད་པ་མ་ཟད། ཨབ་གྷ་ནི་སི་ཐན་གྱི་དམག་མི་དང་ཉེན་རྟོག་པ་ཁྲི་༧.༣ ལྷག་དང་མི་སེར་ཁྲི་༤.༧ ལྷག་དམག་འཁྲུག་ཁྲོད་ཚེ་སྲོག་ཤོར་ཡོད་འདུག ཕྱི་ལོ་༢༠༢༠ ལོར་ཏ་ལི་བྷན་ཤོག་ཁག་གིས་འཇིགས་སྐུལ་རིང་ལུགས་པ་དང་འབྲེལ་ལམ་གཅོད་རྒྱུ་དང་ཨ་རིའི་ཕྱོགས་ནས་དམག་མི་ཕྱིེར་འཐེན་བྱ་རྒྱུ་དང་འབྲེལ་ཕྱོགས་གཉིས་བར་ཆིངས་ཡིག་ཅིག་བཞག་རྗེས། ཕྱི་ལོ་༢༠༢༡ ཟླ་༨ པའི་ནང་ཨ་རིས་ཡུལ་དེར་ཡོད་པའི་ཨ་རིའི་དམག་མི་ཡོངས་རྫོགས་ཕྱིར་འཐེན་བྱས་ཡོད་པར་བརྟེན། ད་ལྟའི་ཆར་ཨབ་གྣ་ནི་སི་ཐན་ནི་ཏ་ལི་བྷན་གྱིས་དབང་བསྒྱུར་བྱེད་བཞིན་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།