ཏོག་དབྱིབས་གཉན་རིམས་༡༩་ན་བའི་རྗེས་ཀྱི་དཀའ་ངལ་འཕར་མ་ཞིག
ཟླ་འདིའི་ཚེས་༢༩ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་དུ་གནས་ཚུལ་སྤེལ་གསལ་ལྟར་ན། ཏོག་དབྱིབས་གཉན་རིམས་ཕོག་མཁན་གྱི་མི་མང་པོའི་ལྕེ་ཤེས་དང་དྲི་ཚོར་ཉམས་པའི་གནས་ཚུལ་ཐོན་འདུག
འདས་པའི་ལོ་ཁ་ཤས་ཀྱི་ནང་དུ་མི་མང་པོ་ཞིག་ལ་ཏོག་དབྱིབས་གཉན་རིམས་༡༩ ཕོག་ཡོད་པ་དང་། ནད་པ་མང་པོ་དྲག་སྐྱེད་བྱུང་ཡོད་རུང་། མི་མང་པོ་ཞིག་ནི་ད་དུང་ཡང་ནད་ཡམས་དེའི་ཤུགས་རྐྱེན་འོག་ཏུ་དཀའ་ངལ་མྱོང་བཞིན་ཡོད་ལ། ཞིབ་འཇུག་པ་དང་ཆེད་ལས་པ་མང་པོས་མུ་མཐུད་ནས་ནད་ཡམས་དེ་ཡི་ཤུགས་རྐྱེན་དང་གནོད་སྐྱོན་དག་གི་ཐོག་ལ་ཞིབ་འཇུག་བྱས་དང་བྱེད་བཞིན་ཡོད་པ་དང་། ད་ལྟ་ཡང་ལུང་པ་མང་པོའི་ནང་དུ་ཏོག་དབྱིབས་གཉན་རིམས་༡༩ ཁྱབ་གདལ་འགྲོ་བཞིན་པ་དང་། ལྷག་པར་དུ་རྒྱ་ནག་ལ་ནད་ཡམས་ཁྱབ་གདལ་གྱི་དཀའ་ངལ་ཆེན་མོ་འཕྲད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག
ཟླ་འདིའི་ཚེས་༢༨ ཉིན་དབྱིན་ཇིའི་གསོ་རིག་ལྷན་ཚོགས་(BMJ) ཞེས་པ་ཞིག་གིས་ཏོག་དབྱིབས་གཉན་རིམས་ཕོག་མཁན་མི་གྲངས་སུམ་སྟོང་བདུན་བརྒྱ་ལྷག་ལ་བརྟག་དཔྱད་ཞིབ་འཇུག་བྱས་ནས་དུས་དེབ་ཅིག་འགྲེམས་སྤེལ་བྱས་ཡོད་འདུག
ཞིབ་འཇུག་གི་སྙན་ཐོ་དེའི་ནང་དུ་གནས་ཚུལ་སྤེལ་གསལ་ལྟར་ན། དྲི་ཚོར་ཉམས་པ་དེ་ནི་ཏོག་དབྱིབས་གཉན་རིམས་༡༩ ཡོད་པའི་ནད་རྟགས་གཙོ་བོ་ཞིག་ཡིན་རབས་དང་། ཏོག་དབྱིབས་གཉན་རིམས་ཕོག་མཁན་མི་མང་ཆེ་བ་ལ་དྲི་ཚོར་ཉམས་པའི་དཀའ་ངལ་འཕྲད་ཀྱི་ཡོད་འདུག་ཀྱང་། ཏོག་དབྱིབས་གཉན་རིམས་ཕོག་ནས་ཟླ་བ་གཅིག་གི་ནང་དུ་ནད་པ་བརྒྱ་ཆ་༧༤% དྲག་སྐྱེད་ཡོང་གི་ཡོད་པ་དང་། ཟླ་བ་གསུམ་གྱི་རྗེས་སུ་ནད་པ་བརྒྱ་ཆ་༩༠% དྲག་སྐྱེད་ཡོང་གི་ཡོད་འདུག་ལ། ཟླ་བ་དྲུག་གི་རྗེས་སུ་ནད་པ་བརྒྱ་ཆ་༩༦% དྲག་སྐྱེད་ཡོང་གི་ཡོད་འདུག དེ་བཞིན་ཚོད་རྩིས་བྱས་པ་ལྟར་ན། ཏོག་དབྱིབས་གཉན་རིམས་ཕོག་རྗེས་ནད་པ་བརྒྱ་ཆ་༥.༦% ཙམ་ཞིག་ལ་ཟླ་བ་དྲུག་ཙམ་གྱི་རིང་དྲི་ཚོ་ཉམས་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་མ་ཟད། ནད་པ་བརྒྱ་ཆ་༤.༤% ཙམ་ཞིག་གིས་ཟ་མའི་རོ་མྱོང་ཐུབ་ཀྱི་མེད་ཚུལ་ཡང་བརྗོད་ཡོད་འདུག
ཏོག་དབྱིབས་གཉན་རིམས་ཕོག་མཁན་གྱི་ཁྲོད་ན་མི་གྲངས་ཉི་ཤུ་ལས་ཉུང་མཐའ་མི་གཅིག་གི་ཟ་མའི་རོ་མྱོང་མི་ཐུབ་པ་དང་དྲི་ཚོར་ཉམས་པའི་དཀའ་ངལ་འཕྲད་ཀྱི་ཡོད་ཚུལ་དང་། བུད་མེད་ཅིག་གིས་བརྗོད་གསལ་ལྟར་ན། ཁོ་མོ་ནད་པ་ཆགས་ནས་ཟླ་བ་༢༧ ཕྱིན་ཟིན་ཡང་། ཁོ་མོ་ལ་ད་དུང་ཡང་ཟ་མ་སོགས་ཀྱི་དྲི་ཁ་ཡི་མེད་རབས་བརྗོད་པའི་གནས་ཚུལ་སྤེལ་འདུག
གཞན་ཡང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་དྲྭ་རྒྱའི་ཐོག་ཏུ་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་གནས་ཚུལ་སྤེལ་གསལ་ལྟར་ན། ཏོག་དབྱིབས་གཉན་རིམས་ཁྱབ་གདལ་དུ་ཕྱིན་ནས་བཟུང་ད་བར་འཛམ་བུ་གླིང་ཁྱོན་ཡོངས་ལ་མི་གྲངས་ས་ཡང་ལྔ་བརྒྱ་བདུན་ཅུ་དོན་གཅིག་ལྷག་ནད་པ་ཆགས་ཡོད་པ་དང་། དེ་དག་གི་ཁྲོད་ནས་ད་བར་དུ་མི་གྲངས་ས་ཡ་དྲུག་དང་འབུམ་གསུམ་ལྷག་འདས་གྲོངས་སུ་ཕྱིན་ཡོད་པ་བརྗོད་འདུག
ད་བར་འཛམ་གླིང་ཁྱོན་ཡོངས་ལ་ཏོག་དབྱིབས་གཉན་རིམས་ཕོག་མཁན་ས་ཡ་ལྔ་བརྒྱ་ལྔ་བཅུ་ལྷག་བྱུང་ཡོད་པའི་ཁྲོད་ནས། མི་མང་ས་ཡ་བཅོ་ལྔ་ལྷག་ལ་དྲི་ཚོར་ཉམས་པའི་དཀའ་ངལ་འཕྲད་ཡོད་རབས་དང་། མི་མང་ས་ཡ་བཅུ་གཉིས་ལ་ཟ་མའི་རོ་མྱོང་མི་ཐུབ་པ་སོགས་ཀྱི་དཀའ་ངལ་འཕྲད་ཡོད་རབས་ཀྱི་གནས་ཚུལ་སྤེལ་འདུག།
གསར་འགོད་པ་བློ་བཟང་རྒྱ་མཚོ།