ཐའེ་ཝན་གྱི་དབང་པོ་སྐྱོན་ཅན་ཨོ་རྩལ་རུ་ཁག་ལ་རྒྱ་ནག་གི་གནོན་ཤུགས།

རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ཨོ་རྩལ་ལྷན་ཚོགས་ཀྱིས། ངོས་ལེན་བྱས་ཟིན་པའི་ཐའེ་ཝན་དབང་པོ་སྐྱོན་ཅན་རྩེད་འགྲན་རུ་ཁག་གི་ལས་རྟགས་ལ། རྒྱ་ནག་གིས་ངོ་རྒོལ་བྱས་རྐྱེན་བརྗེ་པོ་རྒྱག་དགོས་པའི་གནས་ཚུལ་བྱུང་ཡོད་འདུག

14442842_240247879710608_537431620_nདེ་ཡང་ཟླ་འདིའི་ཕྱི་ཚེས་༢༡ ཉིན་ཧོང་ཀོང་རང་དབང་གསར་ལམ་དུ་གནས་ཚུལ་ཐོན་གསལ་ལ་གཞིགས་ན། རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ཨོ་རྩལ་ལྷན་ཚོགས་ཀྱིས་ཕྱི་ལོ་༢༠༠༣ ནས། ཐའེ་ཝན་དབང་པོ་སྐྱོན་ཅན་ཨོ་རྩལ་རུ་ཁག་གི་སྒྲིག་ཆས་ཐོག་གི་ལས་རྟགས་ངོས་ལེན་བྱས་ཟིན་རུང་། འདི་ལོར་རྒྱ་ནག་གིས་ལས་རྟགས་དེར་ངོ་རྒོལ་བྱས་རྐྱེན། ཐའེ་ཝན་གྱི་རྩེད་འགྲན་པ་རྣམས་ད་ཐེངས་ཀྱི་རྩེད་ཡུལ་རིའུ་ལ་མ་ཕྱིན་གོང་གི་བདུན་ཕྲག་གཉིས་ཀྱི་མཚམས་ནས་ལས་རྟགས་དེ་བརྗེ་པོ་རྒྱག་དགོས་པའི་གནས་ཚུལ་བྱུང་ཡོད་པ་དང་། ལས་རྟགས་དེའི་ནང་ཐའེ་ཝན་གྱི་རྒྱལ་རྟགས་ཤིག་ཡོད་པ་དེའི་ཚབ་ཏུ་གུང་ཁྲན་ཏང་དང་གོ་མིན་ཏང་གཉིས་མཛའ་མཐུན་གྱི་ཤོག་ཁག་གཉིས་ཡིན་པ་མཚོན་པའི་ལས་རྟགས་ཤིག་དགོས་ཚུལ་བཤད་ཡོད་འདུག

སྤྱིར་ཐའེ་ཝན་ནི། རྒྱལ་སྤྱིའི་ཐོག་ནས་མིང་དང་། རྒྱལ་དར། རྒྱལ་རྟགས། ཚང་མ་རྒྱ་ནག་དང་ཐ་དད་ཡོད་ཐོག་རྒྱལ་ཁབ་གཞན་གྱི་མངའ་འོག་ཏུ་མེད་མཁན་ཞིག་ཡིན་ནའང་། རྒྱ་གཞུང་གིས་ད་དུང་ཡང་རྒྱ་ནག་གི་ས་ཁུལ་ཞིག་ཡིན་པ་དང་། བསྐྱར་དུ་མཉམ་གནས་བྱེད་དགོས་པར་བསྒྲགས་ཐོག རྒྱལ་སྤྱིའི་རྩེད་རིགས་ཁག་གཞན་དང་། ད་ཐེངས་ཀྱི་དབང་པོ་སྐྱོན་ཅན་ཨོ་རྩལ་རྩེད་འགྲན་བཅས་སུ་ཐའེ་ཝན་དེ་རྒྱ་ནག་གི་ཆ་ཤས་ཀྱི་ཐོག་ནས་འཛུལ་ཞུགས་བྱེད་དགོས་པའི་གནོན་ཤུགས་སྤྲད་དང་སྤྲོད་བཞིན་ཡོད་འདུག

ཐའེ་ཝན་ས་གནས་ཀྱི་བརྒྱུད་ལམ་ཞིག་གིས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་ལས་རྟགས་ཐོག རྒྱ་ནག་གིས་གནོན་ཤུགས་སྤྲད་དེ་བརྗེ་པོ་སློག་དགོས་པའི་གནས་ཚུལ་བྱུང་བ་དེས། དྲ་ལམ་ཁག་ཏུ་མི་མང་པོ་ཞིག་ལ་ཁོང་ཁྲོ་དྲག་པོ་སློང་རྐྱེན་ཆགས་ཡོད་ཚུལ་བརྗོད་ཡོད་འདུག་ལ། དེ་བཞིན་ཐའེ་ཝན་མི་མང་ཚོས་“རྒྱལ་སྤྱིའི་རྩེད་རིགས་ཀྱི་སྒྲིག་འཛུགས་དེ་རྒྱ་ནག་དམར་ཤོག་གཞུང་ལ་བསྒྱུར་བཅོས་གཏན་ནས་གཏོང་འཇུག་མི་ཉན་པ་དང་། ད་ཐེངས་ཀྱི་རྒྱ་ནག་གི་ལས་ཀ་དེ་ནི་ཐུབ་ཚོད་ཡིན་པ་དང་། དེས་ཐའེ་ཝན་མི་མང་རྒྱ་གཞུང་ལ་ཁོང་ཁྲོ་སློང་བ་མ་ཟད། རྒྱ་གཞུང་དང་མཉམ་དུ་ལས་དོན་ག་འདྲ་ཞིག་ཡིན་ན་ཡང་བྱེད་འདོད་མེད་པ་བཟོས་པ་རེད་”ཅེས་སོགས་དྲ་ལམ་ཁག་ཏུ་མི་མང་གིས་ངོ་རྒོལ་གྱི་མཆན་བུ་རྒྱག་བཞིན་ཡོད་འདུག
གསར་འགོད་པ་བཀྲ་ཤིས་དོན་གྲུབ།