ཐའེ་ཝན་གྱི་མང་མོས་འོས་བསྡུ་ཐག་གཅོད་ཀྱིས་རྒྱ་ནག་ཁོང་ཁྲོ་སློང་སྲིད་པ།

ཐའེ་ཝན་མི་མང་གིས་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་དང་རྒྱལ་སྤྱིའི་རྩེད་འགྲན་གཞན་གྱི་ཐོག རྒྱལ་ཁབ་དེའི་རུ་ཁག་གི་མིང་རྒྱ་ནག་གི་ཐའེ་པི་ནས་ཐའེ་ཝན་དུ་སྒྱུར་རྒྱུའི་མང་མོས་འོས་བསྡུ་ཐག་གཅོད་བྱེད་རྒྱུ་ཡིན་འདུག་པ་དང་། གནད་དོན་དེར་རྒྱ་ནག་གིས་ངོས་ལེན་བྱེད་ཐབས་མེད་ཚུལ་བརྗོད་ཡོད་ཁར། གལ་ཏེ་མིང་སྒྱུར་རྒྱུར་མི་མང་གི་དགོས་ངེས་རྒྱབ་སྐྱོར་ཐོབ་ཚེ། རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་ངོས་ལེན་བྱེད་མིན་ཡང་ངེས་གཏན་མེད་པ་རེད་འདུག

ཟླ་༡༡ པའི་ཚེས་༡༡ ཉིན་ཧོང་ཀོང་གི་ལྷོ་རྒྱ་ནག་ཞོགས་འཕྲིན་ཐོག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༡༡ པའི་ཚེས་༢༤ ཉིན་ཐའེ་ཝན་མི་མང་གིས་ས་གནས་ཁག་ཏུ་འོས་བསྡུ་བྱེད་རྒྱུ་ཡིན་པ་དང་མཉམ་དུ། གནད་དོན་༡༠ ཡི་ཐོག་ལ་མང་མོས་འོས་བསྡུ་ཐག་གཅོད་བྱེད་རྒྱུ་ཡིན་འདུག་པ་དང་། དེའི་ནང་རྒྱུན་དུ་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་དང་དེ་མིན་རྒྱལ་སྤྱིའི་རྩེད་འགྲན་གཞན་གྱི་སྐབས་སུ། ཐའེ་ཝན་གྱི་རུ་ཁག་གི་མིང་ལ་རྒྱ་ནག་གི་ཐའེ་པི་ཞེས་འཁུར་དགོས་ཀྱི་ཡོད་འདུག་པས། ཐེངས་འདིར་མང་མོས་འོས་བསྡུ་ཐག་གཅོད་ཐོག མིང་དེ་འགྱུར་བ་བཏང་ནས་རུ་ཁག་གི་མིང་ཐའེ་ཝན་ཞེས་འཁུར་དགོས་མིན་ཐག་གཅོད་བྱེད་རྒྱུ་རེད་འདུག

རྒྱ་ནག་གིས་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ལ་ཐའེ་ཝན་རུ་ཁག་གིས། རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཅེས་པའི་མིང་འཁུར་གྱི་ཡོད་པ་དེར་དགག་བྱ་བསྟུད་མར་བྱས་རྐྱེན། ཕྱི་ལོ་༡༩༨༡ ལོར་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་ཐའེ་ཝན་རུ་ཁག་གིས་རྒྱ་ནག་གི་ཐའེ་པི་ཞེས་པ་འཁུར་དགོས་པ་བཟོས་འདུག དེ་ནས་བཟུང་ད་བར་ཐའེ་ཝན་རུ་ཁག་གི་མིང་དེ་འཁུར་ནས་རྒྱལ་སྤྱིའི་ནང་གི་རྩེད་འགྲན་ཁག་ཏུ་མཉམ་ཞུགས་བྱེད་ཀྱི་ཡོད་ཀྱང་། ཕྱི་ལོ་༢༠༢༠ ལོའི་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་དང་དེ་མིན་རྒྱལ་སྤྱིའི་རྩེད་འགྲན་སྐབས་སུ་ཐའེ་ཝན་རུ་ཁག་མིང་ཐའེ་ཝན་དུ་བསྒྱུར་དགོས་པར་རྒྱབ་སྐྱོར་བྱེད་མཁན་མང་དུ་སོང་ནས། མང་མོས་འོས་བསྡུ་ཐག་གཅོད་བྱེད་རྒྱུ་གཏན་ཁེལ་འདུག

ལས་འགུལ་དེ་སྤེལ་མཁན་གྱི་མགྲིན་ཚབ་པས། ཕྱི་ལོ་༡༩༥༦ དང་༡༩༦༠། ༡༩༦༤། དེ་བཞིན་༡༩༦༨ བཅས་ལ་ཐའེ་ཝན་རུ་ཁག་གི་མིང་ཐའེ་ཝན་ནམ་ཧྥོར་མོ་ཟ་ཞེས་ཁུར་ཡོད་པས། མང་མོས་འོས་བསྡུ་ཐག་གཅོད་དེ་བརྒྱུད་ནས་རུ་ཁག་གི་མིང་ཐའེ་ཝན་དུ་ཕྱིར་སྒྱུར་རྒྱུའི་འདོད་པ་ཡོད་པ་དང་། སྐབས་དེར་འོས་ཤོག་འཕེན་པར་ཆ་རྐྱེན་ཚང་མཁན་ཚོས། རྒྱལ་ཁབ་གཞན་ལ་ཐའེ་ཝན་དེ་རྒྱ་ནག་གི་མངའ་ཁོངས་ཡིན་པའི་རྣམ་པ་སྟོན་བྱེད་ཀྱི་མིང་ངོ་ཚ་པོ་དེ་མུ་མཐུད་འཁུར་རྒྱུ་ཡིན་མིན་ཐག་གཅོད་བྱེད་པའི་ཐོབ་ཐང་རག་རྒྱུ་ཡིན་སྐོར་བརྗོད་འདུག

ཟླ་བ་སྔོན་མར་ཐའེ་ཝན་གྱི་དབུས་འོས་བསྡུ་ལྷན་ཁང་གིས། མིང་འགྱུར་བ་གཏོང་བའི་ལས་འགུལ་དེར་མང་མོས་འོས་བསྡུ་ཐག་གཅོད་བྱེད་པར་དགོས་ངེས་ཀྱི་རྒྱབ་སྐྱོར་བྱེད་མཁན་མི་གྲངས་༢༨༡༧༤༥ ལས་བརྒལ་ཏེ་མི་གྲངས་༤༣༠༠༠༠ ཡིས་རྒྱབ་སྐྱོར་མིང་རྟགས་བཀོད་ཡོད་པ་དང་། རྒྱབ་སྐྱོར་བྱེད་མཁན་མང་ཆེ་བ་ཐའེ་ཝན་གྱི་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་ཡང་། ཆབ་སྲིད་ཀྱི་ལངས་ཕྱོགས་བར་གནས་འཛིན་མཁན་སྐད་གྲགས་ཅན་གྱི་མི་སྣ་ཡང་མང་པོ་ཡོད་པ་དང་། དེའི་ཁོངས་ནས་གཅིག་ནི་ཐའེ་ཝན་གྱི་བུད་མེད་ལ་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཐོག་རྟགས་མ་ཐོག་མར་ཐོབ་མཁན་ཆཱི་ཆེང་ལྟ་བུ་ཡོད་སྐོར་བརྗོད་འདུག མོས་ལས་འགུལ་དེར་གཞན་དང་མཉམ་དུ་སྣེ་ཁྲིད་བྱས་འདུག མོས་ཐའེ་ཝན་དེ་མང་གཙོར་བསྒྱུར་ནས་ལོ་བཅུ་ཕྲག་གསུམ་ལས་མང་བ་འདས་རྗེས། མི་མང་མང་ཆེ་བས་ཐའེ་ཝན་ཞེས་པའི་མིང་དེ་ཁས་ལེན་བྱེད་ཀྱི་ཡོད་པས། ཨོ་རྩལ་འགྲན་ཚོགས་སོགས་ཀྱི་སྐབས་སུ་རྒྱ་ནག་གི་ཐའེ་པི་ཞེས་པའི་མིང་ཐོག་ནས་རྩེད་འགྲན་མུ་མཐུད་བྱས་ཚེ། ཁོང་ཚོས་ཐའེ་ཝན་གྱི་ཚབ་མཚོན་བྱེད་ཀྱི་ཡོད་པ་སྟོན་ཐུབ་ཀྱི་མེད་སྐོར་བརྗོད་འདུག

འདི་ལོའི་ཟླ་༥ པའི་ནང་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་ཐའེ་ཝན་ཨོ་རྩལ་ལྷན་ཚོགས་ལ། རུ་ཁག་དེའི་མིང་འགྱུར་བ་གཏོང་རྒྱུར་རྒྱབ་སྐྱོར་མེད་པའི་བརྡ་ལན་སྤྲད་ཡོད་འདུག་པ་དང་། རྒྱ་ནག་གིས་གལ་ཏེ་མང་མོས་འོས་བསྡུ་ཐག་གཅོད་དེར་རྒྱབ་སྐྱོར་ཐོབ་ཚེ། རྒྱ་ནག་བཙོག་པོར་སྡོད་རྒྱུ་མིན་སྐོར་དང་། ལས་འགུལ་དེས་ཐའེ་ཝན་གྱི་རྩེད་མོ་བ་རྣམས་རྩེད་འགྲན་ཁག་ལ་མཉམ་ཞུགས་བྱེད་པའི་གོ་སྐབས་ཤོར་ཉེན་ཡོད་སྐོར་བརྗོད་འདུག

 

ལོ་སྔོན་མའི་ཟླ་༡༢ པའི་ནང་ཐའེ་ཝན་གྱི་མང་མོས་འོས་བསྡུ་ཐག་གཅོད་ཀྱི་ཁྲིམས་སྒྲིག་དེ་བསྐྱར་བཅོས་བྱས་འདུག་པ་དང་། གནད་དོན་ཞིག་ལ་རྒྱབ་སྐྱོར་ཐོབ་པར་ངོས་འཛིན་བྱེད་ཆེད་དུ་འོས་ཤོག་འཕེན་མཁན་གྱི་གྲངས་འབོར་ནས་བརྒྱ་ཆ་༢༥ ཡིས་རྒྱབ་སྐྱོར་དགོས་ཀྱི་ཡོད་ཁར། གལ་ཏེ་དགོས་ངེས་ཀྱི་རྒྱབ་སྐྱོར་ཐོབ་ཚེ། གཞུང་གིས་ཟླ་བ་༣ ནང་ཚུད་དུ་ཁྲིམས་འཆར་ཞིག་བཟོས་ནས། གྲོས་ཚོགས་ནང་དུ་བསྐྱར་ཞིབ་དང་འོས་བསྡུ་བྱེད་དགོས་ཀྱི་ཡོད་འདུག

ཐའེ་ཝན་གྱི་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་མང་མོས་འོས་བསྡུ་ཐག་གཅོད་དེར་རྒྱལ་ཁ་ཐོབ་རྒྱུ་ཡིན་པར་རེ་བ་རྒྱག་གི་ཡོད་འདུག

ཐའེ་ཝན་གཞུང་གི་ལས་བྱེད་དང་དཔྱད་བརྗོད་པ་ཁག་ཅིག་གིས། གལ་ཏེ་མང་མོས་འོས་བསྡུ་ཐག་གཅོད་དེར་རྒྱལ་ཁ་ཐོབ་ཚེ། ཐའེ་ཝན་གཞུང་ལ་བྱེད་སྟངས་ཁག་པོ་ཆགས་རྒྱུ་ཡིན་པ་དང་། དེ་ཡང་ཐོག་མར་རྒྱ་ནག་དང་འབྲེལ་ལམ་སྡུག་ཏུ་འགྲོ་རྒྱུ་ཡིན་ཁར། རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་དང་གནད་དོན་དེའི་ཐོག་གྲོས་མོལ་བྱེད་དགོས་པ་ལྟར། གྲུབ་འབྲས་ཐོན་རྒྱུ་ཁག་པོ་ཡིན་པས། མི་མང་གི་སྐྱོན་བརྗོད་ཡང་ཁུར་དགོས་པ་ཆགས་རྒྱུ་ཡིན་སྐོར་བརྗོད་འདུག

མང་མོས་འོས་བསྡུ་ཐག་གཅོད་དེར་རྒྱལ་ཁ་ཐོབ་རྗེས། ཐའེ་ཝན་དང་ཨོ་རྩལ་འགྲན་ཚོགས་བར་མོས་མཐུན་ཞིག་མ་བྱུང་ཚེ། ཐའེ་ཝན་གྱི་རྩེད་མོ་བ་རྣམས་རྩེད་འགྲན་ཁག་ལ་ཞུགས་པའི་གོ་སྐབས་ཀྱང་ཤོར་ཉེན་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།