ཐའེ་ཝན་གྱི་འོས་བསྡུར་རྒྱ་ནག་གི་ཤུགས་རྐྱེན་ལ་ཞེད་སྣང་བྱེད་བཞིན་འདུག
རྒྱ་ནག་གཞུང་གིས་བརྒྱུད་སྐུལ་བྱས་པའི་གནས་ཚུལ་རྫུན་མ་དང་དྲིལ་བསྒྲགས་མང་པོ་ཞིག་གིས་ལོ་རྗེས་མའི་ཐའེ་ཝན་གྱི་སྲིད་འཛིན་འོས་བསྡུར་ཤུགས་རྐྱེན་བཟོ་རྒྱུའི་ཉེན་ཁར་ལྟ་བཞིན་ཡོད་ཁར། ཉེ་ཆར་མི་མང་སྟོང་ཕྲག་མང་པོས་རྒྱ་ནག་གི་གནས་ཚུལ་རྫུན་མ་མང་པོ་ཞིག་ཐའེ་ཝན་ནང་ཁྱབ་སྤེལ་གཏོང་བཞིན་པར་ངོ་རྒོལ་ལས་འགུལ་སྤེལ་ཡོད་འདུག
ཟླ་༦ པའི་ཚེས་༢༨ ཉིན་ཧོང་ཀོང་རང་དབང་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཟླ་༦ པའི་ཚེས་༢༣ ཉིན་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་ལ་ཆར་པ་ཤུགས་ཆེན་འབབ་མིན་ལ་མ་ལྟོས་པར། མི་མང་སྟོང་ཕྲག་མང་པོས་ཐའེ་ཝན་ནང་རྒྱ་ནག་གཞུང་གིས་བརྒྱུད་སྐུལ་བྱས་པའི་གནས་ཚུལ་རྫུན་མ་དང་དྲིལ་བསྒྲགས་ཁྱབ་སྤེལ་བྱེད་མཁན་གསར་ཁང་རྣམས་ལ་ངོ་རྒོལ་ལས་འགུལ་ཁྱབ་ཆེན་ཞིག་སྤེལ་བ་དང་། དེ་ཡང་ཁོ་ཚོས་གསར་ཁང་དེ་རིགས་ལ་དམར་ཤོག་གི་བརྒྱུད་ལམ་ཞེས་འབོད་བཞིན་འདུག བརྒྱུད་ལམ་དེ་རིགས་ནི་ཁྲིམས་མཐུན་དང་ངོས་འཛིན་ཡོད་པའི་གསར་ཁང་དང་། དེ་བཞིན་ཕྱི་གསལ་ནང་གསལ་མེད་པའི་དྲ་ཐོག་བརྒྱུད་ལམ་ཡང་ཡོད་འདུག་ལ། བརྒྱུད་ལམ་དེ་དག་གིས་རྒྱ་ནག་ལ་རྒྱབ་སྐྱོར་གྱི་གནས་ཚུལ་དང་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ཀྱང་ཁྱབ་སྤེལ་བྱེད་ཀྱི་ཡོད་འདུག
ལས་འགུལ་ལ་མཉམ་ཞུགས་བྱེད་མཁན་ཞིག་གིས། དམར་ཤོག་གི་ཤུགས་རྐྱེན་གྱིས་ཐའེ་ཝན་གྱི་བརྒྱུད་ལམ་ཁག་སྟངས་འཛིན་བྱས་ཏེ། མི་མང་གི་བསམ་བློ་བསྒྱུར་བཅོས་དང་མགོ་སྐོར་གཏོང་བ་མཐོང་འདོད་མེད་སྐོར་བརྗོད་འདུག དེ་ཡང་ལོ་སྔོན་མའི་ཟླ་༡༡ པའི་ནང་ཐའེ་ཝན་གྱི་ས་གནས་ཁག་གི་འགོ་ཁྲིད་ཀྱི་འོས་བསྡུ་མ་སླེབས་པའི་སྔོན་དུ། ཉི་ཧོང་ནང་མཚོ་རླུང་དྲག་པོ་བརྒྱབ་པའི་སྐབས་སུ། རྒྱ་ནག་གཞུང་གིས་གནམ་ཐང་ནས་ཐའེ་ཝན་གྱི་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཞིག་ཉེན་སྐྱོབ་བྱས་པའི་གནས་ཚུལ་རྫུན་མ་ཞིག་ཁྱབ་སྤེལ་སོང་ཡོད་འདུག གནས་ཚུལ་དེ་ཡང་ཐོག་མར་རྒྱ་ནག་སྐམ་ས་ཆེན་མོའི་བརྒྱུད་ལམ་ཁག་ཅིག་ནས་ཐོན་རྗེས། ཐའེ་ཝན་ནང་ཁྱབ་སྤེལ་ཤིན་ཏུ་ཆེན་པོ་སོང་འདུག་པ་དང་། རྗེས་སུ་འོས་བསྡུའི་གྲུབ་དོན་དུ་རྒྱ་ནག་དང་འབྲེལ་བ་བཟང་ཏུ་གཏོང་བར་རྒྱབ་སྐྱོར་བྱེད་མཁན་གོ་མིན་ཏང་སྲིད་དོན་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་རེད། གནས་ཚུལ་རྫུན་མ་དེས་འོས་བསྡུ་ལ་ཤུགས་རྐྱེན་གང་འདྲ་ཐེབས་ཡོད་མེད་ཀྱི་ཚད་གཞི་ངོས་འཛིན་བྱེད་རྒྱུ་ཁག་པོ་ཡིན་ཡང་། བསམ་ཚུལ་བསྡུ་ལེན་གྱི་གྲུབ་དོན་ལ་གཞིགས་ན། དཔྱད་གཞིའི་མི་མང་བརྒྱ་ཆ་༥༤ ཡིས་ཁྱབ་སྤེལ་སོང་བའི་གནས་ཚུལ་རྫུན་མ་དེ་ངོས་འཛིན་བྱེད་ཐུབ་ཀྱི་མེད་འདུག
དེ་བཞིན་ཉེ་བའི་ཆར་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཧོང་ཀོང་མི་མང་གིས་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་ངོ་རྒོལ་ལས་འགུལ་སྐབས་སུ། ཐའེ་ཝན་གཞུང་གིས་ཨ་སྒོར་ས་ཡ་༣༢ ཀྱིས་མཐུན་སྦྱོར་བྱས་པའི་གནས་ཚུལ་རྫུན་མ་ཞིག་ཁྱབ་སྤེལ་སོང་ཡོད་འདུག་པས། སྲིད་འཛིན་ལྕམ་ཚེ་དབྱིང་ཝན་གྱིས་ཉེན་རྟོག་པར་གནས་ཚུལ་དེའི་ཐོག་བརྟག་དཔྱད་བྱེད་དགོས་པའི་བཀང་བཏང་ཡོད་འདུག
ལོ་རྗེས་མའི་ཟླ་༡ པོའི་ཚེས་༡༡ ཉིན་ཐའེ་ཝན་མི་མང་སྲིད་འཛིན་གྱི་འོས་བསྡུའི་ནང་མཉམ་ཞུགས་བྱེད་རྒྱུ་ཡིན་པ་དང་། རྒྱ་ནག་གཞུང་གིས་རྒྱ་ནག་དང་འབྲེལ་བ་བཟང་དུ་གཏོང་བར་རྒྱབ་སྐྱོར་བྱེད་མཁན་གོ་མིན་ཏང་སྲིད་དོན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་དུ། གཞུང་འཛིན་མང་གཙོ་ཡར་ཐོན་ཚོགས་པར་ཁ་གཏད་ཀྱི་གནས་ཚུལ་རྫུན་མ་ཁྱབ་སྤེལ་དང་། རྒྱ་ནག་གཞུང་གི་དྲིལ་བསྒྲགས་ཁྱབ་སྤེལ། དེ་བཞིན་ཐའེ་ཝན་དང་རྒྱ་ནག་གཉིས་བར་མཚུངས་བསྡུར་བྱས་ཏེ་ཐའེ་ཝན་ནི་བརྟན་ཧླིང་མེད་མཁན་དང་རྒྱ་ནག་ནི་སྟོབས་ཆེན་དང་བརྟན་ལྷིང་ལྡན་པ་ཞིག་ཡིན་པའི་སྣང་བརྙན་བསྐྲུན་པའི་གནས་ཚུལ་མང་པོ་ཞིག་དེ་སྔོན་ནས་ཁྱབ་སྤེལ་བྱེད་བཞིན་པ་ལྟར། ཐེངས་འདིར་ལས་འགུལ་དེ་རིགས་ཤུགས་ཆེ་རུ་བཏང་ནས། ཐའེ་ཝན་མི་མང་གི་བསམ་བློ་བསྒྱུར་བཅོས་གཏོང་ཐབས་བྱེད་རྒྱུ་ཡིན་པར་ཡིད་ཆེས་བྱེད་མཁན་མང་པོ་ཞིག་ཡོད་ཁར། གནས་ཚུལ་རྫུན་མ་ཁྱབ་སྤེལ་འགོག་ཐབས་ཀྱི་ལས་གཞི་ཡང་སྤེལ་བཞིན་ཡོད་འདུག ཐའེ་ཝན་གྱི་གནས་ཚུལ་བརྟག་དཔྱད་ལྟེ་གནས་ཁང་གི་འགན་འཛིན་གྱིས། ཐའེ་ཝན་མི་མང་ནང་རྒྱ་ནག་གི་འཕྲིན་ཐུང་མཉེན་ཆས་དང་སྤྱི་ཚོགས་དྲ་ལམ་བེད་སྤྱོད་བྱེད་མཁན་མང་པོ་ཡོད་པས། དེ་དག་གིས་གནས་ཚུལ་རྫུན་མ་དང་དྲིལ་བསྒྲགས་ཁྱབ་སྤེལ་འགྲོ་བར་རམ་འདེགས་བྱེད་ཀྱི་ཡོད་སྐོར་བརྗོད་འདུག
ལས་ཁུར་སྲིད་འཛིན་ལྕམ་ཚེ་དབྱིང་ཝན་གྱིས་རྒྱ་ནག་གཅིག་གྱུར་གྱི་སྲིད་བྱུས་ལ་ངོས་ལེན་བྱས་མེད་ཁར། ཉེ་བའི་ཆར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཐའེ་ཝན་དེ་རྒྱ་ནག་གི་མངའ་འོག་ཏུ་ཕྱིར་ལོག་དགོས་པ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་འོག་སྡོད་དགོས་པའི་སྐད་ཆར། ཁོང་གིས་སྐྱོན་བརྗོད་དང་ཁ་གཏད་དྲག་པོ་བཅག་རྐྱེན། ཐའེ་ཝན་མི་མང་ནང་ཁོང་ལ་རྒྱབ་སྐྱོར་ཤུགས་ཆེ་རུ་སོང་ཡོད་ཁར། མང་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མིར་འདེམས་ཐོན་བྱུང་ཡོད་པ་རེད། རྒྱ་ནག་གཞུང་ནས་ཁོང་སྲིད་འཛིན་དུ་བསྐྱར་འདེམས་མི་ཡོང་ཆེད། འོས་བསྡུར་ཐེ་བྱུས་དངོས་ཤུགས་བརྒྱུད་གསུམ་ནས་བྱེད་རྒྱུ་ཡིན་པ་དཔྱད་བརྗོད་པ་ཙམ་མིན་པར། ཐའེ་ཝན་མི་མང་གིས་ཀྱང་ངོས་འཛིན་བྱེད་བཞིན་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།